མཚོ་བྱང་ཁུལ་ནུབ་མཚོ་སོལ་གཏེར་ཀུང་སིའི་ཚེ་ཐར་སོལ་གཏེར་དུ་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་ལ་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་རེ་བ་བཏོན་པ་དང་མྱུར་སྐྱོབ་ལ་བཀོད་འདོམས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་ཡས་མས་སུ། མཚོ་བྱང་ཁུལ་ནུབ་མཚོ་སོལ་གཏེར་ཀུང་སིའི་ཚེ་ཐར་སོལ་གཏེར་དུ་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་བྱུང་ནས། གསར་འགྱུར་འདི་སྤེལ་བའི་བར་དུ་མི་གཅིག་བསྐྱབས་པ་དང་། མི་གཅིག་རྐྱེན་ལམ་དུ་ཤོར་ལ། མི་བཅུ་དགུ་ད་དུང་གཏེར་ཁྲོན་འོག་ཏུ་ལུས་ཡོད།

དོན་རྐྱེན་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་མྱུར་དུ་མཆན་བཀོད་མཛུབ་སྟོན་གནང་ནས། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་གཏེར་ཁྲོན་འོག་ཏུ་མནན་པའི་མི་སྣ་སྟོབས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཏེ། འབད་བརྩོན་ཆེས་ཆེན་པོས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་། ཡུལ་དངོས་ཀྱི་བཀོད་འདོམས་ལ་ཤུགས་སྣོན་པ་དང་། བདེ་འཇགས་ཀྱི་ཉེན་ཁར་གནད་འཁེལ་གྱིས་ཞིབ་འཇུག་བརྡར་གཅོད་བྱེད་པ། ཚན་རིག་དང་མཐུན་པར་མྱུར་སྐྱོབ་བྱས་ཏེ། དེ་འབྲེལ་གྱི་གནོད་འཚེ་ཡང་བསྐྱར་འབྱུང་བར་དོགས་ཟོན་ནན་མོ་བྱེད་དགོས་ལ། དུས་ལྟར་ཆ་འཕྲིན་བསྒྲགས་ནས། སྤྱི་ཚོགས་ཀྱི་དོ་སྣང་ལ་ལན་ལེགས་པོ་སྤྲོད་དགོས་ཤིང་། བཅའ་ཁྲིམས་དང་སྒྲིག་ལམ། དོན་དངོས་ལྟར་དོན་རྐྱེན་གྱི་འབྱུང་རྐྱེན་མྱུར་དུ་རྩད་གཅོད་གསལ་བོ་བྱེད་པ་དང་། བསླབ་བྱ་ཟབ་མོ་བསྡུ་ལེན་བྱས་ཏེ་སོལ་གཏེར་གཙོ་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་གྲལ་བཤེར་ཆེན་མོར་ཕྱིར་མིག་ལྟ་བའི་བྱ་བ་མྱུར་དུ་སྤེལ་ནས། ཉེན་ཁ་རྩ་བ་ནས་སེལ་ཏེ། དོན་རྐྱེན་དེའི་རིགས་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་དང་སྔོན་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་བཀོད་འདོམས་ལྟེ་གནས་ནས་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། ཡུལ་དངོས་ནས་མྱུར་སྐྱོབ་བཀོད་འདོམས་པུའུ་ལ་བརྙན་རིས་འབྲེལ་འདྲིས་བྱས་ཏེ་མྱུར་སྐྱོབ་ལ་བཀོད་འདོམས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་ཡུལ་དངོས་སུ་སོང་ནས། མྱུར་སྐྱོབ་བྱ་བར་བཀོད་སྒྲིག་བྱས།   རང་ཞིང་གིས་ཞིང་ཆེན་རིམ་པའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱོད་འགོ་བརྩམས་ཡོད།

མིག་སྔར་རིམ་པ་སོ་སོའི་འཕྲལ་བསྟུན་དང་། ཉེན་སེལ། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། ཆེད་ལས་མྱུར་སྐྱོབ་དཔུང་སྡེ་སོགས་ཀྱི་སྟོབས་ཤུགས་ཀྱིས་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།