ས་གནས་མང་ཚོགས་ཀྱིས་ལོ་ངོ40ལྷག་ལ་སྡོང་ཕྲུག་འདེབས་འཛུགས་བྱས་ཀྱང་། མཚོ་ངོས་ལས་མཐོ་ཚད་སྨི2900ཡོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་གི་རྣམ་པར་འགྱུར་བ་གཏོང་མ་ཐུབ།
ཡིན་ནའང2020ལོར། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཉེན་སྲུང(ཚོགས་སྒྲིལ)མ་རྐང་ཚད་ཡོད་ཀུང་སིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་བརྒྱུད་དེ་མ་དངུལ་སྒོར་ཁྲི1500ཞལ་འདེབས་སུ་ཕུལ་བ་དང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྒོར་ཁྲི200ཡི་ཆ་སྒྲིག་རོགས་སྐྱོར་བྱས་པས། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1700བཏང་བའི་ཞི་བདེ་རྒྱ་མཚོ་ཉེན་སྲུང་སྤྱི་ཕན་ནགས་ཀྱི་ལས་གཞི་བདེ་སྐྱིད་ཐང་དུ་ལག་བསྟར་བྱས།
ཧྲང་ཧའེ་ཨར་ལས་སྐྱེད་ཚལ་སྡེ་ཚོགས་ཀྱི་འབད་བརྩོན་འོག་སྡོང་ཕྲུག་རེ་རེ་བཞིན་བཙུགས་ཏེ། མཐར་སྡོང་ཕྲུག་ཁྲི5ཙམ་བཙུགས་ལ། སྐྱེ་ཁམས་སྤྱི་ཕན་ནགས་སྤྱི་ཆིངས66.6ཙམ་བྱུང་བ་དང་། གསོན་ཚད95%ལ་སླེབས།
ཟླ6པར། བདེ་སྐྱིད་ཐང་ཉེ་འགྲམ་གྱི་བཀྲ་ཤིས་སྟེགས་བུའི་སྟེང་འགོས་ནས་རྒྱང་ལྟ་བྱས་ན། མཚོ་སྔོན་གསོམ་སྡོང་ཚར་དུ་དངར་ལ། རི་ཁམ་དང་། ལི་ཤུ། རྒྱ་སྐྱེགས་མེ་ཏོག འོམ་བུ་སོགས་ཚང་ཚིང་དུ་སྐྱེས་ཡོད་པས། ས་མུའུ་སྟོང་ལྷག་ལ་སྐྱེ་ཁམས་སྤྱི་ཕན་ནགས་ཀྱི་སྐྱེ་སྟོབས་འབར།
“སྔོན་ཆད་ཀྱི་བདེ་སྐྱིད་ཐང་ནི། གྲམ་ཐང་ཞིག་ཡིན་ལ། རླུང་འཚུབ་ཆེ་བའི་ཉིན་མོར། ག་ས་གང་དུ་བྱེ་རླུང་གིས་གནམ་ས་བསྒྲིབས་པར་བྱེད། བདེ་སྐྱིད་ཐང་ནི་ཆབ་ཆ་གྲོང་རྡལ་ལ་ཐག་ཉེ་བས། རླུང་གཡུག་ཐེངས་རེར་གྲོང་རྡལ་གྱི་སྲང་ལམ་སྟེང་བྱེ་མས་ཁེངས་པར་འགྱུར། ད་ལྟ། བདེ་སྐྱིད་ཐང་ལ་ལྗང་མདོག་གིས་ཁེབས་ནས། ཆབ་ཆ་གྲོང་རྡལ་གྱི་ཆེས་མཛེས་པའི་སྐྱེ་ཁམས་མཛེས་ལྗོངས་སུ་གྱུར་ཡོད”ཅེས་བདེ་སྐྱིད་ཐང་ཞི་བདེ་རྒྱ་མཚོ་ཉེན་འགོག་སྤྱི་ཕན་ནགས་ཀྱི་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ། སྡོང་ཕྲུག་ལ་ཆུ་འདྲེན་བཞིན་པའི་ཟོར་རྒྱ་སྡེ་བའི་སྡེ་མི་ཚེ་རིང་གིས་དེ་ལྟར་བཤད།
ཧྲང་ཧའེ་སྐྱེད་ཚལ་འཛུགས་སྐྲུན་སྡེ་ཚོགས་ཀྱིས་ཐབས་རྩལ་ཅི་ཞིག་སྤྱད་ནས་བདེ་སྐྱིད་ཐང་དུ་ལྗང་མདོག་གི་སྒྱུ་འཕྲུལ་བསྟན་པ་ཡིན་ནམ།
དེ་ནི2020ལོའི་ཟླ4པའི་ཟླ་སྨད་དུ། ཧྲང་ཧའེ་སྐྱེད་ཚལ་བཟོ་སྐྲུན་སྡེ་ཚོགས་ཀྱི་ལས་གཞི་རུ་ཁག་ཡུལ་དངོས་སུ་སོང་བ་ནས། མིག་མདུན་གྱི་གྲམ་ཐང་གིས་རུ་མི་ཡོངས་ཐེ་ཚོམ་དུ་ལྷུང་བར་བྱས། བྱེ་རླུང་འཚུབ་པ་དང་ས་གཤིས་ཞན་པ། རྩི་ཤིང་སྐྱེ་དཀའ་བ་སོགས་མཐོང་བས་ཁོ་ཚོ་སྡུག་ལ་ཐུག
གནད་དོན་དཀའ་མོ་ཇི་ལྟར་མིག་སྔར་སླེབས་ན། ཚང་མས་དེ་ལྟར་ཐབས་བརྒྱ་ཇུས་སྟོང་གིས་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཐབས་དེ་སྤྱི་ཕན་ནགས་ར་འདིའི་ནང་བཀོལ་ཏེ། ས་དང་། ལུད་རྫས། སྡོང་མྱུག ཆུ་སོགས་ཕྱོགས་བཞི་ནས་དམ་འཛིན་བྱས། ས་རྒྱུ་ལ་བུལ་གཤིས་ཆེ་བར་རྫས་འགྱུར་གྱི་ཐབས་སྤྱད་དེ་ལེགས་སྒྱུར་བྱས་པ་དང་། ས་རིམ་སྲབ་སར་ཕྱོགས་བསྡུས་ཆ་སྒྲིག་ལུད་འཇོག་ལག་རྩལ་སྤྱད་དེ་ས་རྒྱུའི་སྐྱེ་ལྡན་རྫས་འདུས་ཚད་ཇེ་མཐོར་བཏང་། སྡོང་མྱུག་གསོན་ཚད་དམའ་བ་ལ་བདེ་ཐང་སྡོང་མྱུག་བདམས་ཏེ། སྡོང་རྩད་ཀྱི་ས་ཐུམ་ཇེ་ཆེར་བཏང་བ་དང་། སྐྱེལ་འདྲེན་བརྒྱུད་རིམ་ཇེ་ཐུང་དུ་བཏང་བར་མ་ཟད། སྡོང་མྱུག་འབལ་བ་ནས་འཛུགས་པའི་བར་དུས་ཚོད24ལས་མི་བརྒལ་བ་བྱས།
ལས་གཞི་རུ་ཁག་གིས་ད་དུང་ཆུ་གསོག་རྫིང་བུ་ལས་ཏེ་ཆུ་འདྲེན་པའི་ཕྱོགས་སུ་བཀོལ་ལ། ཆུ་གཏོང་བའི་དུས་ཚོད་དམ་འཛིན་བྱས་པར་མ་ཟད་ཆུ་བཏང་བའི་དུས་ཚོད་གསལ་པོར་བཀོད་དེ། ཆུ་བསྐྱར་འདྲེན་དང་ཆུ་གཏོང་རྒྱུ་མི་བརྗེད་པར་བྱས། ཧྲང་ཧའེ་ཡི་རོགས་སྐྱོར་སོགས་ལ་བརྟེན་ནས། འཆར་འགོད་ཡང་དག་བཀོད་པ་དང་། སྡོང་རིགས་བཀོད་སྒྲིག་འོས་འཚམས་བྱས་ཤིང་། ལས་གཞི་ཁུལ་གྱིས་རང་བྱུང་རྣམ་པ་དང་སྒྲིག་སྲོལ་རྣམ་པ་ཟུང་འབྲེལ་གྱིས་བཀོད་སྒྲིག་བྱེད་ཐབས་སྤྱད་དེ། སྟུག་ཚད་མི་འདྲ་ལ་བང་རིམ་གསལ་བ། གྲལ་ཁ་འགྲིག་པ། ཁ་དོག་སྣ་འཛོམས་ཡིན་པ་བཅས་ཀྱི་ལྗང་མདོག་གི་མཛེས་ལྗོངས་ཤིག་བསྐྲུན། ཁྱོན་ཡོངས་སྡེབ་སྒྲིག་གིས་ལྗང་སྒྱུར་ས་ཆའི་ཐོག་གི་སྐྱེ་དངོས་རེ་རེའི་སྐྱེ་དངོས་ཁྱད་གཤིས་ལ་ལྟ་སྐྱོང་བྱས་ཡོད་པ་དང་། དུས་ཚིགས་ཀྱི་འགྱུར་ལྡོག་སྣ་ཚོགས་མཐོང་བར་བྱས་པས། ལྗང་སྒྱུར་ས་ཆར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག
“ལྗང་མདོག་གི་སྒྱུ་འཕྲུལ་འདིས་འགྱུར་ལྡོག་བཏང་བ་ནི་གུང་ཧོ་རྫོང་གི་སྐྱེ་ཁམས་ལས་གཞན། ད་དུང་ས་གནས་མང་ཚོགས་ལ་ལྗང་མདོག་གི་རྒྱུ་ནོར་བསྐྲུན། ས་དེའི་ཚགས་བཙུགས་བྱང་སྒྲིག་གི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ནས་ལས་ཞུགས་དབུལ་སྐྱོར་མངོན་འགྱུར་བྱུང་བ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཁེལ་དབུལ་སྐྱོར་གྱི་བགྲོད་ལམ་གསར་པ་དང་ཉམས་མྱོང་རྩ་ཆེན་འཚོལ་ཞིབ་བྱེད་ཐུབ་ཡོད”ཅེས་མཚོ་ལྷོ་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཧོ་ཞང་ལུང་གིས་དེ་ལྟར་བཤད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བདེ་སྐྱིད་ཐང་གི་ལྗང་མདོག“སྒྱུ་འཕྲུལ།”