མཚོ་ངོགས་བོད་མཁར་གྱི་རས་ཁུག་དམར་པོ།

ཞོགས་པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་སྡོད་དམངས་དབྱིན་སྒྲོལ་མ་སྔོ་ཚོད་ཚོང་རར་སོང་ནས་སྔོ་ཚོད་ཉོ་བཞིན་འདུག་ལ། རིན་སྤྲོད་སའི་གནས་དེར་རས་ཁུག་དམར་པོ་ཆེན་པོ་ཞིག་བཀལ་འདུག སྦྱིན་བདག་ཞུའེ་ཧའེ་རོང་གིས་སྔོ་ཚོད་རྣམས་རས་ཁུག་གསར་པའི་ནང་འཇུག་རྩིས་བྱེད་སྐབས། དབྱིན་སྒྲོལ་མས་སྦྱིན་བདག་བཀག་སྟེ་བཤད་རྒྱུར། “རས་ཁུག་གསར་པ་མི་དགོས། ངའི་འདི་ན་ད་དུང་ཁ་སང་བཀོལ་བའི་རས་ཁུག་ཅིག་ཡོད”ཅེས་བཤད་བཞིན། རས་ཁུག་དམར་པོ་ཞིག་བླངས་ནས་སྔོ་ཚོད་རྣམས་དེའི་ནང་དུ་བཅུག རྐང་ཚ་རྫོང་དུ། ལོ་འདི་འགར་རས་ཁུག་ནང་དུ་དངོས་པོ་བསྡུ་རྒྱུ་དེ་ནི་མང་ཚོགས་དང་ཚོང་ཁང་དག་གི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

ད་ལྟའི་རྐང་ཚ་རྫོང་གི་རྩྭ་ཐང་དུ་རྩྭའི་སྐྱེ་སྟོབས་ཤིན་ཏུ་བཟང་ལ་ཁོར་ཡུག་ཧ་ཅང་མཛེས། གནས་འདིའི་མི་རྣམས་ཀྱིས་ལོ་ངོ3རིང་ལ་འགྱིག་ཁུག་བཀག་པའི་ཕན་འབྲས་ལོངས་སུ་སྤྱོད་བཞིན་ཡོད། འགྱིག་ཁུག་བཀག་པའི་སྔ་གཞུག་ཏུ་རྩྭ་ཐང་དང་མི་རྣམས་སྡོད་སའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་། ཡང་བསྐྱར་སྔོན་ཆད་ཀྱི་རྣམ་པ་གླེང་ཚེ། “འགྱིག་ཁུག་བཀག་སྡོམ”བྱེད་པའི་བྱ་བ་གཙོ་བོར་འཛིན་མཁན་རྐང་ཚ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུས་རོང་ལ་མྱོང་ཚོར་ཟབ་མོ་ཡོད་འདུག

ཀྲང་ཡུས་རོང་གི་ཕྱིར་དྲན་གྱི་ཀློང་དུ། “སྔོན་ཆད་ངས་གཞི་རིམ་དུ་བྱ་བ་སྒྲུབ་སྐབས། རྩྭ་ཐང་གི་ནོར་ལུག་རྒྱུན་དུ་རྐྱེན་མེད་དུ་འཆི་བཞིན་པ་དངོས་སུ་མཐོང་ཡོང་། དང་ཐོག་སྒོ་ཕྱུགས་ཀྱི་འཆི་རྐྱེན་གསལ་པོར་མི་ཤེས་ལ། དེ་ལ་དོ་སྣང་བྱེད་མཁན་ཡང་མེད། སྒོ་ཕྱུགས་ཤི་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། གནད་དོན་གྱི་ཚབས་ཆེན་རང་བཞིན་རྟོགས་པས། བརྟག་དཔྱད་བྱས་པ་ན་ད་གཟོད་ནོར་ལུག་གིས་འགྱིག་ཁུག་ཟོས་པ་ལས་ཤི་བ་ཡིན་པ་ཤེས།”

“འགྱིག་ཁུག་འགོག་པའི་བཀའ་རྒྱ”ལག་བསྟར་བྱས་ཤིང་། ལོ་ངོ3རིང་ལ་རྒྱུན་འཁྱོངས་བྱས་པ་དེ་ནི། མཚོ་ངོགས་བོད་མཁར་གྱིས་སྐྱེ་ཁམས་ཀྱི“རང་མདངས”ལ་རྒྱུན་ཆད་མེད་པར་བྱི་དོར་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་དུ་གྱུར་བ་དང་། ཐེངས་གཅིག་རང་བཞིན་གྱི་འགྱིག་ཁུག་བཀག་སྡོམ་བྱས་པ་ལས་གཞན། རྐང་ཚ་རྫོང་གིས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། ཐེངས་གཅིག་ཅན་གྱི་འགྱིག་ཤོག་ཟས་སྣོད་ཀྱང་འགྱིག་ཁུག་འགོག་པའི་གྲས་སུ་བཞག

ཚོང་ཁང་སྐོར་ཞིག་གི་ནང་དུ་སོང་པ་ན། རས་ཁུག་དམར་པོ་བསྡམས་ལོག་རེ་ཚང་མའི་མཐོང་སར་བཀལ་ནས་བཞག་འདུག མཚོ་ཁའི་སྟབས་བདེ་ཟོང་ཉོ་ལྟེ་གནས་ཀྱི་སྤྱི་གཉེར་པ་ཐན་རྨིན་གྱིས་བཤད་རྒྱུར། “ད་ལྟ་རྫོང་མཁར་གྱི་ཚོང་ཁང་ཚང་མས་སྤྱོད་ཀྱིན་པ་ནི་འདི་འདྲའི་ཞི་སླ་བའི་ཁོར་སྲུང་ཟོང་ཉོ་ཁུག་མ་དམར་པོ་ཡིན་ལ། འགྱིག་ཁུག་འགོག་པ་ནི་ང་ཚོས་བྱོལ་དུ་མི་རུང་བའི་འགན་འཁྲིར་གྱུར་ཡོད།”

ཀྲང་ཡུས་རོང་གིས་གསར་འགོད་པར་བཤད་རྒྱུར། མང་ཚོགས་རྣམས་རིམ་གྱིས་འགྱིག་ཁུག་མེད་པར་གཏོང་བ་ལ་གོམས་སུ་འཇུག་ཆེད། འགྱིག་ཁུག་འགོག་པའི་ཁྲིམས་འཛིན་རུ་ཆེན་བཙུགས་པ་དང་། སྤྱི་ཕན་ལས་གནས10སྡེབ་སྒྲིག་སྒོས་ཁྲིམས་འཛིན་རུ་ཁག་གི་ཁ་བསྐངས་པ་དང་། སྒོ་ཁར་སོང་ནས་དྲིལ་སྒྲོག་བྱས་ཤིང་། ཉིན་རྒྱུན་ཁྲིམས་ལུགས་ལག་བསྟར་བྱས་པ་དང་། སྲིད་གཞུང་གིས་མ་དངུལ་བཏང་ཞིང་། རྫོང་ཡོངས་ཞུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ།འགྱིག་ཁུག་འགོག་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་ཞིང་། དུས་མཚུངས་སུ་རྫོང་ནོར་སྲིད་ཅུས་ཀྱིས་སྒོར་ཁྲི10བཏང་ནས་ཁོར་སྲུང་ཟོང་ཉོ་ཁུག་མ་གཅིག་གྱུར་གྱིས་ཉོས་ནས་རྫོང་མཁར་དང་ཞང་གྲོང་ཉེ་འདབས་ཀྱི་ཚོང་ཁང་དག་ལ་རིན་མེད་ངང་བྱིན་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་འགྱིག་ཁུག་གཙོས་པའི“འགྱིག་ཤོག་གི་སྦགས་བཙོག”ལ་ཚོད་འཛིན་བྱེད་ཐུབ་ཡོད། མིག་སྔར། རྐང་ཚ་རྫོང་གི་ཚོང་ཁང2300ལྷག་གིས་དཀྱུས་གཅིག་ཏུ་ཞི་སླ་བའི་རས་ཁུག་དམར་པོ་བཀོལ་སྤྱོད་བྱེད་བཞིན་ཡོད།

ད་ལྟ། རྐང་ཚ་རྫོང་གི་སྲང་ལམ་དུ་སོང་ན། གཙང་ཞིང་གྲལ་འགྲིག་པའི་སྲང་ལམ་དུ་སྔོན་དང་འདྲ་བར་འགྱིག་ཁུག་རླུང་གིས་འཁུར་བཞིན་པའི་སྣང་ཚུལ་མཐོང་རྒྱུ་མེད། ལོ3གྱི་སྔོན་ལ་མགོ་བརྩམས་པའི“འགྱིག་ཁུག་འགོག་པའི་བཀའ་རྒྱ”དེ་ནི། ཐོག་མའི་སྲིད་གཞུང་གི་བྱ་སྤྱོད་ནས་ད་ལྟ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད་པས། འགྱིག་ཁུག་འགོག་པའི“བྱེད་ཐབས་ཕྲ་མོ”དེས་འབྱོར་ཕྱུག་ལྡན་ལ་མཛེས་སྡུག་ལྡན་པའི་མཚོ་ངོགས་བོད་མཁར་གྱི་ས་གཞི་འདི་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི“དཔལ་ཡོན་ཆེན་པོ”ཞིག་བསྐྲུན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།