བཙན་མོ་སྡེ་བའི་འགྱུར་ལྡོག་གསར་པ།

མ་འགྱང་བའི་སྔོན་ཏག་ཏག་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙན་མོ་སྡེ་བར་སོང་མྱོང་ལ། དེ་རིང་ཡང་བསྐྱར་མཐོང་དུས། སེམས་སུ་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཡོང་བ་ནི། “གྱེས་པ་ཉིན་གསུམ་གྱེས་ཀྱང་། །འགྱུར་བས་ཧང་སང་བྱུང་འདུག ”ཟེར་བ་དངོས་གནས་བདེན་པ་ལ་ཨང་།

གཡུ་ཡི་མཚོ་མོར་སྔར་བཞིན་བརྗིད་ཆགས་ཤིང་རི་བོས་མཛེས་པར་རྒྱན་ལ། ཟམ་འོག་གི་ཆུ་བོ་སྔར་བཞིན་ཤག་ཤག་ཏུ་བཞུར། མེ་ཏོག་གིས་གྲུབ་པའི་ཁྱམས་རིང་ལམ་ཕྲན་སྔར་བཞིན་གནས་ཤིང་། ངོ་མཚར་བྲག་རི་དང་སྡོང་རྒན་ཡང་སྔར་བཞིན་ཡིད་དུ་འོང······དོན་ལ་མི་འདྲ་ས་ནི། རྡོ་བས་རགས་གསར་བརྒྱབ་པའི་ཆུ་ལམ་དང་། ཤིང་ཁང་ཆུང་བའི་ནང་ནས་ལྡང་བའི་བོད་སྤོས་ཀྱི་དྲི་ཞིམ་དེ་རེད་ལ། རང་བྱུང་ཁམས་ཀྱི་པང་དུ་སླེབས་ཚེ། དབྱར་གཞུང་གི་བྱ་བྱེའུ་འབའ་འབུ་ཐམས་ཅད་ཀྱིས་སྐད་གང་ཡོད་བཏོན་ཏེ་བོད་ཡུལ་གྱི་ཉམས་འགྱུར་ལ་བསྟོད་གླུ་ལེན་པ་དང་འདྲ། ཚུལ་དེས་ཁྱེད་ལ་འུར་ཟིང་གི་ཚོར་བ་སྤུ་ཙམ་ཡང་སྐྱེ་རུ་མི་འཇུག

སྲོལ་རྒྱུན་གྱི་གྲོང་ཚོའི་རིག་གནས་ཀྱིས་ཡུལ་གྱི་གདུང་བ་བསྣམས་ཡོད་ལ། དེ་ནི་མི་རེ་རེའི་སེམས་ཀྱི་ཚང་མལ་དང་སྦྲེལ་བའི་ཚེ་སྲོག་གི་ལྟེ་ཐག་ཏུ་གྱུར་ཡོད།

“གཡུ་ཡི་མཚོ་མོར་སྔོ་ལྗང་རི་བོའི་གཟུགས་བརྙན་བཀྲ། །དཀན་གཟར་བྲག་དང་སྡོང་རྒན་བྱེ་ལེབ་ཐང་དུ་འགྲེང་། །······”འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ནུབ་ལྷོའི་མཚམས་སུ་སྤྱི་ལེ35ཡིས་ཆོད་པའི་བཙན་མོ་ཞང་བཙན་མོ་སྡེ་བ་རེད། དེའི་མངའ་ཁོངས་སུ་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཐུན་མོང་མ་ཡིན་པའི་མི་ཆོས་ལོ་རྒྱུས་ཀྱི་ཐོན་ཁུངས་མོད་པོ་ཡོད། འོན་ཀྱང་ལོ་འགའི་སྔོན་ལ། སྡེ་བ་འདིའི་ནང་དུ་གཅིག་ནས་ཐུན་མོང་དཔལ་འབྱོར་མེད་པ་དང་། གཉིས་ནས་རྨང་གཞིའི་སྒྲིག་བཀོད་མེད་ལ། གསུམ་ནས་སྲོག་ཤིང་ཐོན་ལས་མེད་པས། རོང་མ་འབྲོག་གི་སྡེ་བ་འདིས། ཕྱི་རོལ་ཏུ་སོང་ནས་དབྱར་རྩྭ་དགུན་འབུ་འཐུ་བ་ཁོ་ནར་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད།

2014ལོའི་ལོ་མགོ་ནས་བཟུང་སྟེ། བཙན་མོ་སྡེ་བས་འཕེལ་རྒྱས་ཀྱི་དཔྱིད་དཔལ་བསུས་བྱུང་།“མཐོ་སྒང་གི་མཛེས་པའི་གྲོང་གསེབ”དང་། “ཁྱད་ཆོས་ལྡན་པའི་བོད་གྲོང”དང་། “སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ”བཅས་ཀྱི་ལས་གཞི་གཅིག་འཕྲོར་གཅིག་བྱས་ཏེ་སླེབས་པས། གནའ་བོའི་གྲོང་ཚོའི་རྣམ་པ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག

སྔོན་ཆད་ཀྱི་གྲོང་སྡེ་རྙིང་གོག་དེ་གནའ་ཉམས་དོད་པའི་བོད་ལུགས་སྡོད་ཁང་ཤར་མ་རེ་རེར་འཛུགས་སྐྲུན་བྱས་ཏེ། ངོས་སྙོམས་པའི་སྲང་ལམ་གཞོགས་གཉིས་སུ་ཁྱད་ལྡན་ཚོང་ཁང་བསྟར་ཕྲེང་དུ་བསྒྲིགས་འདུག ཡུལ་སྐོར་དྲིལ་བསྒྲགས་ཀྱིས་རྒྱུན་ཆད་མེད་པར་འོས་སྦྱོར་ངོ་སྤྲོད་བྱས་པ་དང་བསྟུན་ནས། བོད་ཀྱི་ཟློས་གར་དང་ཀླུ་རོལ་བཅས་སྲོལ་རྒྱུན་རིག་གནས་ཀྱིས་ཀྱང་དེའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་རིམ་གྱིས་མངོན་པར་བྱས་ལ། བཙན་མོ་སྡེ་བའི་མི་རྣམས་ཀྱི་སེམས་སུ། ལོ་མང་པོ་ཞིག་ལ་རང་ཉིད་ཀྱིས་འཚོ་བ་རོལ་སའི་ཕ་ཡུལ་འདི་ནི་ད་གཟོད་ཁོ་རང་ཚོ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རེ་བ་ཡིན་པ་ཚོར་བྱུང་།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ། བཙན་མོ་ཞང་གི་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཝུའུ་ཅུན་ནན་གྱིས་ང་ཚོར་བཙན་མོ་སྡེ་བའི་ཏང་འཛུགས+གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་རྣམ་པ་ངོ་སྤྲོད་བྱས། སྡེ་བ་འདིས་ཁྱད་ལྡན་དམངས་སྲོལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ། “ཁྱད་ཆོས་ལྡན་པའི་བོད་གྲོང”དང“སྲོལ་རྒྱུན་གྲོང་ཚོ”ཕྱོགས་བསྡུས་སྒོས་གསར་འཛུགས་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་སྤེལ་བྱས་པ་དང་། སྲོལ་རྒྱུན་བོད་ཀྱི་ཟློས་གར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཐོན་ལས་ནི་འདེགས་སྐྱོར་བྱས་ཏེ། ཡུལ་སྐོར་པར་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་རོལ་མྱོང་བྱེད་དུ་བཅུག ད་ལྟའི་བར་དུ་རིམ་བསགས་བྱས་ན“གྲོང་གསེབ་ཡུལ་སྐོར”གྱི་ཐོན་ལས་ལས་གཞིའི་མ་དངུལ་སྒོར་ཁྲི1300ལྷག་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི35ལྷག་གིས་ཇེ་མང་དུ་བཏང་།

བོད་ཁྱིམ་སྤྲོ་སྐྱིད་ཁང་ཆུང་ཆུང་དེའི་མདུན་དུ། ལོ24ལ་སོན་པའི་བུ་མོ་སྙིང་ལྕགས་མོ་ཚེ་རིང་གིས་བཤད་རྒྱུར། རང་གིས་ཟི་ལིང་དུ་ཞོར་ལས་བྱས་མྱོང་། ཡོང་འབབ་ཅུང་མཐོ་ནའང་། སྒོར་མོ་མང་ཆེ་བ་ས་དེའི་འགྲོ་སྒོ་ལ་ཤོར་འགྲོ། ཟས་གོས་འགྲོ་འཆགས་གང་ཡིན་ཚང་མར་སྒོར་མོ་བརླག་དགོས། ད་ལྟ་རང་ཡུལ་ནས་ཞོར་ལས་བྱེད་པར། ཟླ5པ་ནས་ཟླ9པའི་བར་ལས་ཀ་བྱས་ན། ཟླ་རེར་ཡོང་འབབ་སྒོར3000ཡས་མས་ཡོད་པ་དང་། གཅིག་བྱས་ན་སྒོར་མོ་ཡོད་ཚད་གསོག་ཐུབ་ལ། གཉིས་བྱས་ན་འཚོ་བའི་གོམས་གཤིས་ཀྱང་རང་མོས་ལྟར་ཡིན་པ་དང་། ཟླ་འགའ་རེར་ལས་ཀ་ལས་ན་ཕྱི་རོལ་ནས་ལོ་གཅིག་གི་རིང་དཀའ་བ་བརྒྱབ་པའི་སྒོར་མོ་འཚོལ་ཐུབ།

ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ་དང་། ལག་འཁྱེར་ཁ་པར་དང་། དྲ་རྒྱ། ཁྱིམ་སྤྱོད་རླངས་འཁོར་བཅས་ནི་ཕྱི་ཚུལ་གྱི་འགྱུར་ལྡོག་ཙམ་ཡིན་ལ། ལྷག་ཏུ་བསམ་གཞིག་ཟབ་མོར་གཞུག་བྱེད་ནི། བཙན་མོ་སྡེ་བའི་སྡེ་དམངས་ཀྱི་གོ་རྟོགས་ལ་འགྱུར་ལྡོག་བྱུང་ཡོད་པ་དེ་རེད། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་དེས། བཙན་མོ་སྡེ་བའི་མི་རྣམས་ལ་རང་ཉིད་ཀྱི་ཁྱིམ་གཞིས་ལ་སྔར་ལས་དགའ་ཞེན་ཆེ་རུ་བཅུག་པ་དང་། མཐོང་ཐོས་གསར་པའི་བཙན་མོ་གསར་པ་དེ་ཚང་མའི་མིག་མདུན་དུ་མངོན་པ་ན། སྡེ་སྲོལ་དམངས་ཆིངས་ཀྱིས་ཤེས་མེད་ཚོར་མེད་ངང་དེས་འདོན་འོས་ཀྱི་ནུས་པ་གང་ཡོད་བཏོན་ཅིང་། གད་སྙིགས་གང་སར་འཕེན་པའི་སྣང་ཚུལ་དེ་དུས་ཡུན་ཐུང་ངུའི་ནང་མེད་པར་བཟོས་ལ། སྒྲིག་འགལ་ངང་ཁང་པ་གང་སར་ལས་པའང་ལན་རེར་འབྱུང་བཞིན་ཡོད་ནའང་། བཙན་མོ་སྡེ་བའི་སྡེ་མིས་མཛེས་པའི་གྲོང་གསེབ་ཀྱི་ཁོར་ཡུག་ལ་རང་རྟོགས་ཀྱིས་སྲུང་སྐྱོབ་བྱེད་མགོ་བརྩམས། བཙན་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁོན་ཐར་ཚེ་རིང་གིས་དེ་ལྟར་སྡོམ་ཚིག་བཀོད་དེ་བཤད།

ད་ལྟའི་བཙན་མོ་སྡེ་བས། རི་བོའི་བརྗིད་ཉམས་དང་ཆུ་བོའི་བཞུར་སྒྲ་གཅིག་ཏུ་བསྡུས་ཤིང་། གདོད་མ་ཡི་ཁྱད་ཆོས་དང་སྔོ་ལྗང་གི་དྭངས་གཙང་ལས་སུ་གཉེར་ལ། ཏག་ཏག་འདས་སོང་དང་ད་ལྟ་སྦྲེལ་བའི་མཛེས་སྡུག་གི་ལྗོངས་རིས་དེ་ཡིས་སྡེ་དམངས་ཀྱིས་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་ཡག་པོ་བསྣམས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།