དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་དགོས།

——ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།

མ་འགྱང་བའི་སྔོན་ལ་མཇུག་བསྒྲིལ་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱས་ཏེ། སྔར་བས་གནད་ཁེལ་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ནས་ལེའུ་གསར་པ་རྩོམ་དགོས། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་གཅིག་མཐུན་དུ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་འཇུག་བྱེད་པའི་དུང་བརྡ་བསྒྲགས་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་གཏོང་དགོས་པ་དང་། ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་གྲས་སོ་སོ་དང་ཕྱོགས་སོ་སོའི་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་ལ། བློ་གཅིག་སེམས་གཅིག་དང་མི་བརྒྱ་སེམས་གཅིག་གི་སྒོ་ནས། མཐུན་སྒྲིལ་ཡར་བརྩོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྤྱི་ཁོག་ཕན་ནུས་ཕྱིར་འདོན་ཐུབ་པར་བྱ་དགོས་ཤིང་། མཚོ་སྔོན་མཐོ་སྒང་གི་བུ་བུ་མོ་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པའི་སྟེང་གླུ་སྐད་མཐོན་པོས་དྲག་སྐྱོད་བྱེད་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་དགོས་པར་སྙམ།

སྟོབས་སྒྲིལ་སེམས་མཐུན་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས།

ད་ལོའི་ཟླ6པའི་ཟླ་སྟོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་བསྒྲུབས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། མི་རིགས་མང་པོ་འདུས་སྡོད་ཀྱི་མཚོ་སྔོན་ལ་མཐུན་སྒྲིལ་སེམས་གཅིག་གི་དར་ཆ་མཐོ་རུ་བསྒྲེངས་ནས་མཉམ་དུ་འབད་བརྩོན་བྱེད་སའི་ཁ་ཕྱོགས་བསྟན་ཡོད།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པ་སློབ་དཔྱོད་ཁང་གི་ཀྲུའུ་རེན་མ་མིང་ཀྲུང་གིས་བཤད་རྒྱུར། ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་དུས་རབས་གསར་པའི་མི་རིགས་བྱ་གཞག་ལག་བསྟར་བྱེད་པའི་གཞི་རྩའི་ཚད་གཞིར་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས།

“‘མཐུན་སྒྲིལ་ཡོད་ན་ཡར་ཐོན་འབྱུང’ཞེས་པའི་ལྟ་བ་དེ་མགོ་ལོག་རྩྭ་ཐང་གི་རྒྱ་ཆེའི་འབྲོག་དམངས་ཀྱི་ཐུན་མོང་འདུ་ཤེས་སུ་ཆགས་ཡོད”མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ཉི་མ་ཚེ་རིང་གིས་དེ་ལྟར་བཤད་ཅིང་། ཉེ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ”དང“སྐྱེ་ཁམས་འཕེལ་རྒྱས་དང་མཉམ་རྒྱལ་ཡོང་བར་བརྩོན་པ།”“ལག་རྡང་སྦྲེལ་ནས་འབྱོར་འབྲིང་བསྐྲུན་པ།”“མི་དམངས་བདེ་ཞིང་སྐྱིད་པ།”“བདེ་འགོད་རིམ་ལྡན་འཆམ་མཐུན་ཡིན་པ།”“མང་ཚོགས་དང་དམ་པོར་སྦྲེལ་བ།”“མཐའ་མཚམས་ཡུན་རིང་བདེ་ལ་འགོད་པ།”“མཉམ་བསྐྲུན་མཉམ་གཏོད་མཉམ་རོལ”སོགས་ཁྱབ་ཁོངས8ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པར་འབད་བརྩོན་བྱེད་ཀྱིན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་ས་གནས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འདྲེས་པར་བྱས་ནས། འབྲོག་པ་མང་ཚོགས་རྣམས་ལ་མཐུན་སྒྲིལ་ཡར་ཐོན་གྱིས་བསྐྱེད་པའི་ཕན་བདེ་དང་ཁེ་བཟང་རེག་ཏུ་བཅུག་ཡོད།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་འབའ་གཙང་ཁོག་ཧུའེ་རིགས་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཞུས་ཀུའོ་མིང་དང་ཞང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དུས་ཚོད་དང་པོའི་ནང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་འབྲེལ་ཡོད་གསར་འགྱུར་ཁག་ལ་བལྟས་ཤིང་ཉན་པ་དང་། ཞུས་ཀུའོ་མིང་གིས་བཤད་རྒྱུར།“འབའ་གཙང་ཁོག་ཞང་དུ་མི་རིགས་མཐུན་སྒྲིལ་ཐད་ལོ་རྒྱུས་ཡུན་རིང་བའི་རིག་གནས་རྒྱུན་འཛིན་བྱེད་སྟངས་ཤིག་ཡོད་དེ། དེ་ནི་རུས་པའི་གཏིང་ལ་ཟུག་པའི་བསམ་པའི་གཞི་རྒྱུ་དང་། རིགས་སོ་སོའི་མི་དམངས་ཀྱིས་བཀུར་གཅེས་བླ་ལྷག་བྱེད་པའི་སྲོག་གི་འཇུ་ཐག་ཡིན། ‘ལྔ་བཅུ་བཞིའི’གྲོང་གསེབ་དར་སྤེལ་གྱི་འཐབ་ལམ་གསར་པ་མགོ་བརྩམས་ཟིན་པས། ང་ཚོའི་མཁར་གྲོང་གི་གོང་འོག་ཚང་མས་ངེས་པར་དུ་བློ་སྟོབས་གཅིག་སྒྲིལ་སྒོས། རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་དང་རྩ་འཛུགས། གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ནས། གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཡོད།”

བློ་གཅིག་སེམས་གཅིག་སྒོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བསམ་བློའི་རྨང་རྟེན་འཛུགས་དགོས།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་རྟེན་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་སྙིང་པོ་བཅས་ཡིན། དུས་རབས་གསར་པའི་མི་རིགས་ལས་དོན་ལེགས་པར་སྒྲུབ་པ་ལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་འདི་ཉིད་བརྟན་པོར་བསྐྲུན་ནས། ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་གྲས་སོ་སོ་དང་ཕྱོགས་སོ་སོའི་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

“རང་རེའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཚང་མ་ཁྱིམ་ཚང་གཅིག་ཡིན་པས་ཚང་མ་ཕན་ཚུན་མཛའ་ཞིང་མཐུན་པ་དང་མཉམ་དུ་མཐུན་སྒྲིལ་ཡར་ཐོན་འབྱུང་དགོས······”2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གདམས་པའི་མངགས་བཅོལ་དེ། ད་ལྟའང་སྔར་བཞིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བའི་རྣ་ལམ་དུ་འཁོར་ཡོད་དེ། ཁོས་བཤད་རྒྱུར། འབྲི་ཆུའི་མགོ་ཁུངས་སྡེ་བས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཐད་ཀྱི་རེ་སྙེག་དེ་འབད་བརྩོན་གྱི་དམིགས་འབེན་དུ་བཟུང་ནས། སྡེ་བ་ཡོངས“མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད། མཉམ་དུ་ཡར་རྒྱས་གོང་འཕེལ་གཏོང”བའི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་དེ། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ཡོད།

ད་ལོའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་སློབ་གསོའི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གཞི་རྩའི་འགན་སྲུང་དུ་འཛིན་པར་སྐུལ་འདེད་གཏིང་ཟབ་བྱས། ཆི་ལེན་རྫོང་གསར་སྐྲུན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ལི་ཅི་ཁྲེང་གིས་བསྟན་དོན། ཆི་ལེན་རྫོང་གིས“སློབ་གསོ་སློབ་སྦྱོང+ཤེས་བྱ་འཆད་ཁྲིད+དྲིལ་སྒྲོག་རྣམ་པ+དྲིལ་སྒྲོག་གསར་འགོད+བརྗོད་དོན་ལག་ལེན་བྱ་འགུལ”གྱི་མཉམ་འདྲེས་བྱ་བ་ལེགས་པོར་སྒྲུབ་པར་ཤུགས་བརྒྱབ་སྟེ། “ཁ་མི་འབྲལ་བ་གསུམ”དང“ངོས་ལེན་ལྔ”“ཕན་ཚུན་དྲུག”གི་བསམ་བློའི་རྨང་རྟེན་བརྟན་པོར་བསྐྲུན་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་ཀླད་པའི་ནང་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཡོད།

“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་ནི་མི་རིགས་མཐུན་སྒྲིལ་མངོན་དུ་འགྱུར་བའི་སྔོན་འགྲོ་དང་རྨང་གཞི་ཡིན།”རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལས་ཞུགས་ཅུས་ཀྱི་ལས་བྱེད་པ་ཕག་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོ་ཧུར་ཐག་འབད་ཐག་གིས་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་བརྗེ་རེས་འབྲེལ་འདྲིས་མཉམ་འདྲེས་ཡོང་བའི“སྐུལ་འདེད་མཁན”བྱེད་ཐུབ་དགོས་པ་དང་། “ངོས་ལེན་ལྔ”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བའི“ལག་ལེན་མཁན”བྱེད་དགོས་ལ། རང་གི་ལས་གནས་སུ་རྐང་བཙུགས་ནས་རིགས་སོ་སོའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ལས་ཞུགས་མཁན”བྱས་ནས། དངོས་སྒྲུབ་ཀྱི་སྒོ་ནས་རིགས་སོ་སོའི་བུ་ཕྲུག་རྣམས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་བྱེད་དགོས།

འཐབ་ཕྱོགས་གཅིག་གྱུར་སྒོས་མཉམ་དུ་འབད་འཐབ་ཀྱི་སྟོབས་ཤུགས་ཚད་མཐོན་པོས་གཅིག་ཏུ་བསྒྲིལ་དགོས།

ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། ཁྱབ་རྒྱ་ཆེས་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཆོག་པའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་བྱས་ནས། ཐུན་མོང་འབད་འཐབ་ཀྱི་ནུས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་རིང་གིས་བཤད་རྒྱུར། འཐབ་ཕྱོགས་གཅིག་གྱུར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལས་མཚོ་སྔོན་གྱི་ལེའུ་ཁྲོད་ཀྱི་འགན་ནུས་དང་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱེད་ཆེད། མཚོ་ལྷོ་ཁུལ་གྱིས་བློ་ཐག་རྦད་ཆོད་སྒོས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་པོར་འཛུགས་པ་དང་། བློ་སྟོབས་གཅིག་བསྡུས་སྒོས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་ཕྱོད་གོང་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། དམངས་སེམས་གཅིག་སྡུད་དང་མཉམ་ཤུགས་ཇེ་དྲག སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་རྒྱུ།

“ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོའི་དུས་རབས་གསར་པའི་མི་རིགས་ཆོས་ལུགས་བྱ་བར་བླང་བྱ་གསར་པ་བཏོན་ཡོད།” ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་མི་རིགས་ཆོས་ལུགས་ཅུས་ཀྱི་ལས་བྱེད་པ་བུན་ཁྲང་ཚེ་རིང་གིས་དེ་ལྟར་བཤད་པ་དང་། ང་ཚོས་བྱ་བར་རྐང་བཙུགས་ནས་རིམ་པ་དགར་བ་དང་ཡོངས་སུ་ཁྱབ་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ལ“ཁ་མི་འབྲལ་བ་གསུམ”གྱི་བསམ་བློའི་ལྟ་བ་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུ་དང་། རྒྱུན་ཆད་མེད་པར“ངོས་ཟིན་གཅིག་གྱུར་ལྔ”ཡི་བསམ་པའི་སྟོབས་ཤུགས་བསྐྲུན་རྒྱུ།

“ང་ཚོས་ལས་གནས་སུ་རྐང་བཙུགས་ཏེ་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་རྒྱུན་འཁྱོངས་བྱེད་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བ་རུ་འཛིན་རྒྱུ།” ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་དབང་ཆེན་ཚེ་རྒྱལ་གྱིས་དེ་ལྟར་བཤད་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས། ང་ཚོས་སྔར་བས་ཧུར་ཐག་གི་རྣམ་འགྱུར་དང་སྔར་བས་ནུས་ལྡན་གྱི་བྱེད་ཕྱོགས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་སྒོས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། ལྟེ་བར་ཞབས་འདེགས་ཞུ་བ་བཅས་བྱེད་རྒྱུ།

“ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་མཐའ་འཁྱོལ་བྱེད་པ་ལ། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་གྱི་དོན་སྙིང་གལ་ཆེན་ལྡན།” ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཞུས་ཧྥུ་ལིན་གྱིས་དེ་ལྟར་བཤད་པ་དང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་སོ་སོར་སིམ་པར་བྱེད་པ་དང་། ལོ་སྨད་ཀྱི་གཙོ་གནད་བྱ་བ་ཚང་མར་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ་བྱས་ནས། ཚད་མཐོ་བའི་བསམ་བློའི་རང་རྟོགས་དང་། འགན་འཁྲིའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཀྱིས། རང་ཞིང་གི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།