མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་སྐབས13པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཆེད་དོན་རྟོག་ཞིབ་རྩ་འཛུགས་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཀོང་རོང་དང་ཧན་ཞའོ་ཝུའུ། ཐིན་ཅ་ཚའེ། ཀྲང་ཞའོ་རོང་། མཱ་དབྱི་སི་ཧྥུའུ། མཱ་ཧྥུའུ་ཁྲང་། བཀྲ་ཤིས་རྡོ་རྗེ། ཁུང་ཆིན་ཅུའུ། པད་རྒྱལ་བཀྲ་ཤིས། པུས་ཧྲིན་ཀྲུང་། ཧྲ་ཧྥུན། ཨ་ཧྲིན་ཆིན། མིན་ཧའེ། ཤ་བོ་སྒྲོལ་མ་རྟོག་ཞིབ་ཁྲོད་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་རྟོག་ཞིབ་ཁྲོད་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། 

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞིང་སྡེ་དང་སྡེ་ཁུལ་དུ་བསྐྱོད་པ་དང་། ཁེ་ལས་སུ་སོང་། རྟོག་ཞིབ་ཚན་ཆུང་གིས་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་ཀྱི་འགན་འཁྲི་ཁུར་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ལྗང་མདོག་སྒུལ་ཤུགས་གསོ་སྐྱོང་ལ་དོ་སྣང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏན་འཇགས་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དང་། དམངས་འཚོའི་ལེགས་བཅོས་ལ་དོ་སྣང་། སྤུས་ཚད་མཐོ་བའི་འཚོ་བ་ཉིན་རེ་བཞིན་མངོན་གསལ་ཡིན་པར་འདོད།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་། མུ་མཐུད་དུ“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱེད་པ་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་གྱི་གཤིན་ས་གསར་སྐྲུན་བྱས་ཏེ། “ས་གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་དང་། དམངས་འཚོའི་ལེགས་བཅོས། སྤུས་ཚད་མཐོ་བའི་འཚོ་བ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁྲིམས་ལེགས་བྱམས་སྐྱོང་གི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཁྲིམས་སྐྱོང་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་དང་། བྱ་བའི་མཐུན་འགྲིག་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།