མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་དང་ཉེར་དྲུག་པའི་སྟེང་གྲོས་ཞིབ་བརྒྱུད་དེ་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སྲོལ་ཡིག》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག》 《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་བྱ་བའི་སྲོལ་ཡིག》བཅས་ཁྲིམས་སྲོལ་གསུམ་གྱི་ནང་དོན་གཙོ་བོ་དང་དམིགས་བསལ་དགེ་མཚན་སོགས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། 

ཁྱབ་བསྒྲགས་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཁྲིམས་སྲོལ་གསུམ་གྱི་ཕྱིར་འདོན་རྒྱབ་ལྗོངས་དང་། ཁྲིམས་འཛུགས་གོ་རིམ། ནང་དོན་གཙོ་བོ། དམིགས་ཡུལ་དོན་སྙིང་། དགོས་ངེས་རང་བཞིན། རྗེས་ཕྱོགས་ཀྱི་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཐད་ནས་གསར་འགྱུར་སྒྲོག་སྤེལ་བྱས། 

《མཚོ་སྔོན་ཞིང་ཆེན་དུག་འགོག་སྲོལ་ཡིག》ནི2021ལོའི་ཟླ5པའི་ཚེས26ཉིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་གྲོས་ཞིབ་བརྒྱུད་དེ་གྲོས་འཆམ་བྱུང་། སྲོལ་ཡིག་ལ་དོན་ཚན་རེ་གཅིག་ཡོད་ཅིང་། དེར་སྤྱིའི་རྩ་དོན་དང་། དུག་འགོག་དྲིལ་སྒྲོག་སློབ་གསོ། དུག་རྫས་དོ་དམ་ལམ་ལུགས། དུག་གཅོད་དོ་དམ་དང་ཞབས་ཞུ། བཅའ་ཁྲིམས་འགན་འཁྲི། ཟུར་བཀོད་རྩ་དོན་བཅས་ལེའུ་དྲུག་ཡོད། སྲོལ་ཡིག་གིས་གཙོ་བོ“འགན་འཁྲི་གསལ་འགྲེལ་གྱིས་སྒྲིག་ཡིག་བཟོ་ཞིང་ལམ་ལུགས་བཙུགས་ནས་དོ་དམ་ལ་ཤུགས་སྣོན་པ་དང་།” “སྔོན་འགོག་གཙོ་བོར་བཟུང་ནས་དྲིལ་སྒྲོག་སློབ་གསོ་ཡོངས་སུ་ཁེབས་པར་བྱེད་པ།” “གཙོ་གནད་འབུར་དོད་ཀྱིས་ལས་རིགས་ལྟ་རྟོག་དོ་དམ་བྱས་ནས་མགོ་ཁུངས་འཛིན་པ།” “དོ་དམ་ལ་ཤུགས་བསྣན་ནས་བྱེད་ཐབས་སྣ་མང་མཉམ་བཀོལ་གྱིས་གསར་གཏོད་གཙོ་བོར་བྱེད་པ།” “ཆད་པ་གཅོད་པར་ཇེ་དྲག་ཏུ་བཏང་ནས་ནུས་ལྡན་གྱིས་ཁྲིམས་འགལ་བྱ་སྤྱོད་ལ་རྡུག་རྡེག་བྱེད་པ”བཅས་ཕྱོགས་ལྔ་ནས་ཚད་ལྡན་དུ་བཟོས་འདུག སྲོལ་ཡིག་གིས་རིམ་པ་གོང་མའི་བཅའ་ཁྲིམས་ཀྱིས་དུག་འགོག་ཁྲིམས་འགལ་བྱ་སྤྱོད་ལ་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བྱས་ཡོད་པའི་རྨང་གཞི་སྟེང་། ཞབས་ཞུ་དང་རོལ་རྩེད་བྱེད་ས་དང་། སྨན་རྫས་ཐོན་སྐྱེད་སྡེབ་ཚོང་སིལ་ཚོང་ཁེ་ལས། ཟོང་འགྲུལ་སྦྲགས་སྲིད་མྱུར་སྐྱེལ་གསོག་མཛོད་ལས་ཁུངས། ཁང་པ་གླར་གཏོང་མཁན། གཞིས་ལས་ཞབས་ཞུ་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གཉེར་ལས་ཁུངས་རྣམས་ལ་སྲོལ་ཡིག་འདིས་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ན།  གནད་དོན་མི་འདྲ་བར་གཞིགས་ནས། རིམ་བཞིན་ཐ་ཚིག་སྒྲོག་པ་དང་། བཀའ་ཕབ་ཡོ་བསྲང་། དངུལ་ཆད་གཅོད་པའི་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བཟོས་ཡོད། དུས་མཚུངས་སུ། གཞུང་ཞབས་པས་དུག་འགོག་བྱ་བའི་ཁྲོད་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་བྱུང་རྒྱལ་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་ཀྱི་བྱ་སྤྱོད་བཅས་ལ་འགན་ཁུར་འོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་པོར་བཟོས་ཡོད། 

སྲོལ་ཡིག་འདི་ནི་རང་ཞིང་གིས་བཟོས་ཤིང་བཏོན་པའི་ས་གནས་རང་བཞིན་གྱི་དུག་འགོག་ཁྲིམས་སྲོལ་ཐོག་མ་དེ་ཡིན་པས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དུག་འགོག་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་ལེགས་པར་མཚོན་ལ། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བར་ཤུགས་སྣོད་པར་སྔར་བས་སྟོབས་དང་ལྡན་པའི་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་ཡང་ངེས་པར་བྱེད་ཐུབ། 2021ལོའི་ཟླ10པའི་ཚེས1ཉིན་སྲོལ་ཡིག་ལག་བསྟར་བྱ་རྒྱུ་རེད། 

《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་། ཁྲོམ་རའི་ཁོར་ཡུག སྲིད་དོན་ཞབས་ཞུ། ལྟ་རྟོག་དོ་དམ་ཁྲིམས་བསྟར། ཁྲིམས་སྐྱོང་འགན་སྲུང་། ཟུར་བཀོད་རྩ་དོན་བཅས་ལེའུ་དྲུག་དང་། དོན་ཚན་དྲུག་ཅུ་ཡོད། སྲོལ་ཡིག་གི་ནང་དོན་ཕྱོགས་ཡོངས་འདུས་པ་དང་། སྒྲིག་གཞི་ལུགས་མཐུན་ཡིན་པས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ཞིང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། སྲོལ་ཡིག་གིས་ཁེ་ལས་ཀྱི་མཐོང་ལམ་ལ་དམིགས་ནས། བརྟན་ལྷིང་དང་། དྲང་སྙོམས། ཕྱི་གསལ་ནང་གསལ། སྔོན་དཔག་རུང་བའི་ཁྲོམ་རའི་ཁོར་ཡུག་སྐྲུན་པ་དང་། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་དམིགས་ནས། ཁྲོམ་ར་གཙོ་གཞི་བྱས་ཏེ་ཚད་ལྡན་དང་། གང་བདེ། ནུས་ཆེ་བཅས་ཀྱི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱེད་པ། ཁྲིམས་ལྟར་སྲིད་འཛིན་ལ་དམིགས་ནས། དྲང་སྙོམས་དཔལ་ཡོན་དང་། གཟབ་ནན་ཚད་ལྡན་གྱི་ལྟ་རྟོག་དོ་དམ་ཁྲིམས་བསྟར་ཁོར་ཡུག་སྐྲུན་པར་འབད་པ། ཞབས་ཞུ་འགན་སྲུང་ལ་དམིགས་ནས། ཁྲིམས་སྐྱོང་གི་རྩ་བ་བརྟན་པ་དང་། སྔོན་དཔག་ལྷིང་བ། ཕུགས་ཕན་འབྱུང་བའི་ནུས་པ་འདོན་སྤེལ་བཅས་བྱས་ཡོད། སྲོལ་ཡིག་ལ་གཙོ་བོ“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གི་དགོངས་དོན་ལེགས་པར་མཚོན་པ་དང་།” “རང་ཞིང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། འགལ་བའི་གནད་འགག་ལ་དམིགས་པས་ཁ་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཅུང་ཆེ་བ།” “ཕྱོགས་ཡོངས་ནས་ཁྲོམ་རའི་ཁོར་ཡུག་བཟང་པོ་སྐྲུན་པར་གཙིགས་སུ་བཟུང་ཡོད་པ།” “སྲིད་གཞུང་སྡེ་ཁག་གིས་ཁྲོམ་རའི་གཙོ་གཞིར་སྟབས་བདེ་ཅན་གྱི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱེད་པར་གཏན་འབེབས་ཅུང་ཞིབ་ཆ་བཟོས་པ”སོགས་ཀྱི་ཁྱད་ཆོས་ཡོད། སྲོལ་ཡིག་ཁྱབ་སྒྲོག་ཕྱིར་འདོན་བྱས་པ་དེས། ས་གནས་ཀྱི་ཁྲིམས་འཛུགས་རིམ་པ་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཁྲིམས་སྐྱོང་རྨང་གཞི་བརྟན་པོར་བཟོས་པ་དང་། རང་ཞིང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་བཅུག་པར་མཚོན་ཞིང་། ཚོང་གཉེར་ཁོར་ཡུག་ཁྲིམས་སྐྱོང་ཅན་གྱི་རྒྱང་སྐྱོད་གསར་པའི་སྒོ་གླགས་ཕྱེས། 2021ལོའི་ཟླ10པའི་ཚེས1ཉིན་སྲོལ་ཡིག་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་བྱ་བའི་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་། ཆོས་ལུགས་ཚོགས་པ། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ས། ཆོས་ལུགས་ལས་དོན་མི་སྣ། ཆོས་ལུགས་བྱེད་སྒོ། ཆོས་ལུགས་རྒྱུ་ནོར། བཅའ་ཁྲིམས་འགན་འཁྲི། ཟུར་བཀོད་རྩ་དོན་བཅས་ལེའུ་དགུ་དང་། དོན་ཚན་དོན་གཅིག་ཡོད། དེར་གཙོ་བོ“ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་།” “སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ལས་འགན་འཐུས་ཚང་དུ་གཏོང་བ།” “ཆོས་ལུགས་ལས་དོན་གྱི་གཙོ་གཞི་སོ་སོའི་ནུས་པ་གལ་ཆེན་འདོན་སྤེལ་ལ་དམིགས་པ”སོགས་ཀྱི་ནང་དོན་འདུས་ཤིང་། ཆོས་ལུགས་བྱེད་སྒོའི་བྱེ་བྲག་གི་བླང་བྱ་ཚད་ལྡན་གསལ་པོར་བཟོས་པ་དང་། ཆོས་ལུགས་རྒྱུ་ནོར་གྱི་འབྲེལ་ཡོད་གཏན་འབེབས་ཞིབ་ཆ་དང་འཐུས་ཚང་དུ་བཏང་བ། འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་ཁ་གསབ་འཐུས་ཚང་བཟོས་ཡོད། སྲོལ་ཡིག་གིས་རང་ཞིང་གི་ཆོས་ལུགས་ལས་དོན་དོ་དམ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། གྲུབ་མཐའ་དང་ཆོས་ཚོགས། མིའི་མིང་སོགས་ཀྱིས་དྲིལ་སྒྲོག་བྱེད་པའི་རིགས་དང་། སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་ཁ་གཡར་ནས་ཆོས་སྤེལ་བའི་རིགས། ཆོག་མཆན་མ་ཐོབ་པར་རང་འདོད་ཀྱིས་གནས་གཞན་ནས་བསྐྱར་སྐྲུན་བྱེད་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས་རྒྱ་སྐྱེད་པ། ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཅོས་སྒྱུར་འཛུགས་སྐྲུན་དང་འཛུགས་སྐྲུན་གསར་པ་བྱེད་པའི་རིགས། ནར་མ་སོན་པའི་མིར་ཆོས་ལུགས་སྤེལ་བའམ་གཡོ་འགུག་བྱེད་པ་དང་། བཙད་ཤེད་ཀྱིས་ནར་མ་སོན་པའི་མི་ཆོས་ལུགས་བྱེད་སྒོར་ཞུགས་སུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། འོས་བབས་ཀྱི་བཅའ་ཁྲིམས་འགན་འཁྲི་ཞིབ་ཏུ་གཏན་འབེབས་བཟོས་ཡོད། སྲོལ་ཡིག་གཏན་འབེབས་ཕྱིར་འདོན་བྱས་པ་དེས། བཟོ་བཅོས་བྱས་ཟིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་མཐའ་འཁྱོངས་བྱེད་པར་ཕན་ནུས་ལྡན་པའི་སྐུལ་འདེད་བྱེད་ཐུབ་པ་དང་། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་སྔར་ལས་ལྷག་པར་འགན་སྲུང་བྱེད་ཐུབ་པ། རང་ཞིང་གི་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་ཐུབ་པ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ངེས་པ་དོན་གྱིས་སྲུང་སྐྱོང་བྱས་ཏེ། རང་ཞིང་གི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་པ་བཅས་ལ་ཕན། 2021ལོའི་ཟླ10པའི་ཚེས1ཉིན་སྲོལ་ཡིག་ལག་བསྟར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།