མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ། (ཨང28པ)

མིག་སྔར་རང་ཞིང་ནི་ཡུལ་སྐོར་པ་མང་བའི་དུས་སྐབས་ཡིན་པས་མི་ཚོགས་ཀྱི་འགྲོ་འོང་མང་ལ། རྒྱལ་ནང་གི་པྲོག་གསར་གློ་ཚད་རིམས་ནད་ས་ཆ་མང་པོར་བྱུང་བ་དང་བསྟུན་ནས། ཞིང་ཆེན་ནང་ཁུལ་དུ་རིམས་ནད་མཆེད་པའི་ཉེན་ཁ་སྔར་ལས་ཆེ་བར་གྱུར། ཕྱི་ནས་ནང་མཆེད་དང་ལྷོད་གཡེང་ཆད་ལུས་ཤོར་སར་ནན་འགོག་བྱེད་པའི་རིམས་ནད་འགོག་སྡོམ་བྱ་བའི་བླང་བྱ་ངེས་པ་དོན་གྱིས་ཕན་ནུས་ལྡན་པར་དངོས་འབེབས་བྱ་ཆེད། ད་ལྟ་རང་ཞིང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་འགོག་སྨན་རྒྱག་པའི་བྱ་བར་སྔར་ལས་ཤུགས་སྣོན་པའི་བརྡ་ཁྱབ་བཏང་བ་གཤམ་ལྟར། 

གཅིག ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཙོ་གནད་མི་ཚོགས་ལ་གྲལ་བཤེར་དོ་དམ་དང་ཚོད་འཛིན་བྱེད་པར་ཤུགས་བསྣན་ནས། སྒོ་བཀག་དོ་དམ་གཟབ་ནན་སྒོས་ལག་བསྟར་བྱེད་དགོས། ཉིན14ནང་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་ཡུལ་སྐོར་ཞག་སྡོད་བྱས་མྱོང་བའི་མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་རྣམས། ཉིན14ལ་གཅིག་བསྡུས་ལོགས་བཀར་བྱས་ཏེ་གསོ་རིག་ལྟ་ཞིབ་བྱེད་དགོས། ཉེ་བའི་ཉིན14ནང་རྒྱལ་ནང་གི་རིམས་ནད་བྱུང་སའི་ཉེན་ཁ་ཆེ་འབྲིང་མ་ཡིན་པའི་ས་ཁུལ་དུ་ཡུལ་སྐོར་ཞག་སྡོད་བྱས་མྱོང་བའི་མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་རྣམས་ཀྱིས་དུས་ཚོད48ནང་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་བདེན་དཔང་སྟོན་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་སྟོན་རྒྱུ་མེད་ཚེ་དུས་ཚོད24ནང་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་ཤིང་། ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་ན་སྡོད་ཁུལ་གྱི་དོ་དམ་དུ་བཅུག་ནས། བླང་བྱ་ལྟར་རིམས་ནད་བྱུང་ས་དང་བྲལ་ནས་ཉིན14ལོན་རག་བར་དུ་བདེ་ཐང་བརྟག་དཔྱད་ལེགས་པར་བྱེད་དགོས། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་རྣམས་སླེབས་སའི་གནས་ཐོག་མ་ནས་ཉིན14ལ་ལོགས་བཀར་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་ནང་ཁུལ་དུ་རང་ཁྱིམ་ནས་ཉིན7ལ་ལོགས་བཀར་བྱེད་དགོས་པ་དང་། སྡོད་ཁུལ་གྱི་བདེ་ཐང་བརྟག་དཔྱད་དོ་དམ་དངོས་འབེབས་བྱེད་དགོས།

གཉིས། “འབབ་ཚིགས་གཉིས་དང་འབབ་ཐང་གཅིག”ནས“གཞིར་འབབ་སར་བརྟག་དཔྱད་བྱེད་པའི”བླང་བྱ་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། བདེ་ཐང་ཨང་བཤེར་དང་འགྲུལ་སྐྱོད་ཨང་བཤེར་ཏེ“ཨང་བཤེར་ཟུང”གི་བརྟག་དཔྱད་ཇེ་དྲག་ཏུ་གཏོང་བ། ཁ་ཐུམ་རྒྱག་པ་དང་ལུས་དྲོད་འཇལ་བ་སོགས་ཀྱི་བྱེད་ཐབས་དངོས་འབེབས་བྱེད་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཚོང་ར། མགྲོན་ཁང་། སྒོ་རྩིས་ཚོང་ཁང་། སྨན་ཁང་སོགས་མི་ཚོགས་ཆེ་སར་ཁ་ཐུམ་རྒྱག་པ་དང་། ལུས་དྲོད་འཇལ་བ། ཨང་བཤེར་བརྟག་པ། བར་ཐག་སྨི་གཅིག་འཇོག་པ་བཅས་ཀྱི་སྣེ་ཁྲིད་བྱས་ཏེ། མི་ཚོགས་འདུས་པར་གཡོལ་དགོས། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་དང་། གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་རིགས་ལ་སྡོད་སྐབས་ཁ་ཐུམ་རྒྱག་པ་དང་། ལུས་དྲོད་འཇལ་བ། ཨང་བཤེར་བརྟག་པའི་བླང་བྱ་དངོས་འབེབས་བྱས་ཏེ། ཨང་བཤེར་དམར་སེར་ཅན་གྱི་མི་སྣ་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱེད་དགོས་པར་མ་ཟད། ཁ་ལོ་པས་རང་སྲུང་ལེགས་པར་སྒྲུབ་དགོས། སིལ་འཚོང་སྨན་ཁང་སོ་སོས་ནད་དུག་འགོག་པ་དང་། འབུ་ཕྲ་འགོག་པ། ཚ་འཇོག་རིགས་ཀྱི་སྨན་བཙོང་དུས་ངེས་པར་དུ་དངོས་མིང་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་དགོས་པར་མ་ཟད། ཚ་བ་རྒྱས་པའི་ནད་པ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་ནད་སྟོན་དུ་འགྲོ་བར་སྣེ་ཁྲིད་བྱེད་དགོས། གནད་འགག་འདུ་གནས་སོ་སོར་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་མང་དུ་བྱེད་པར་ཤུགས་བསྣན་ནས། འཚོ་བའི་གད་སྙིགས་ཐག་གཅོད་བྱ་བ་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་དགོས།

གསུམ། མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཁ་ཐུམ་རྒྱག་པ། ལག་པ་རྒྱུན་བཀྲུ། དུས་རྒྱུན་གཙང་སྦྲར་དོ་སྣང་བྱེད་པ། སྤྱི་ཐུར་བཀོལ་བ་སོགས་འཚོ་བའི་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། གློ་ལུ་དང་ཧབ་སྦྲིད་རྒྱག་པའི་སྐབས་སུ་གཞན་ལ་གཡོལ་དགོས་པ་མ་ཟད། ནམ་རྒྱུན་ཁང་བའི་ནང་དུ་མཁའ་རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་ཉུང་དུ་གཏོང་བ། སྨི་གཅིག་གི་སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་དགོས་ལ། ཉིན་རེར་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་ཚད་འཇལ་བྱེད་དགོས། ཞིང་ཆེན་གཞན་ལ་འགྲོ་རྒྱུ་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་དགོས། དགོས་ངེས་མིན་ཚེ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བ་དང་། ངེས་པར་དུ་ཞིང་ཆེན་གཞན་དུ་འགྲོ་དགོས་ཚེ་ཉེན་ཁའི་གནས་ལ་གཟུར་དགོས་ཤིང་། ལམ་ཐག་ཧྲིལ་པོར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་ལ། ཕྱིར་འབྱོར་དུས་དོ་དམ་ཚོད་འཛིན་བྱེད་ཐབས་ཁག་ལ་གཞོགས་འདེགས་སྒོས་དོན་འཁྱོལ་བྱེད་དགོས་པ་དང་མི་སྒེར་གྱི་བདེ་ཐང་ཚད་འཇལ་ཡག་པོ་བྱེད་དགོས། གལ་ཏེ་ལུས་པོར་ཚ་རྒྱས་པ་དང་སྐམ་ལུ་རྒྱག་པ།  ལུས་ཟུངས་དུབ་པ། མིད་པ་ན་བ། རོ་འཛིན་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། ཁོག་བཤལ་བ་སོགས་མི་བདེ་བའི་ནད་རྟགས་ཐོན་ཚེ། མྱུར་དུ་ཉེ་འཁོར་གྱི་ཚ་བ་རྒྱས་པའི་སྒོ་བསྟེན་ཁང་ཡོད་པའི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ནས། སྦ་གསང་མེད་པར་འགྲོ་སྡོད་ཀྱི་ལམ་ཐིག་བཤད་དགོས་པ་དང་། སྨན་བཅོས་ཀྱི་གོ་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་ལ། སྤྱི་པའི་འགྲུལ་འཁོར་ལ་སྡད་མི་ཆོག

བཞི། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཚོགས་འདུ་དང་གསོ་སྦྱོང་། གླེང་སྟེགས། འགྲན་སྡུར་སྤེལ་བ་སོགས་བྱ་འགུལ་ཆེ་གྲས་སྤེལ་སྐབས། གང་ཐུབ་ཀྱིས་དྲ་ལམ་ནས་སྤེལ་བ་དང་ཡུལ་དངོས་ཀྱི་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས། དུས་འགྱངས་བྱེད་དགོས་ཚེ་དུས་འགྱངས་དང་། མེད་པར་བཟོ་དགོས་ཚེ་མེད་པར་བཟོ་དགོས། ངེས་དོན་གྱིས་སྤེལ་དགོས་པའི་བྱ་འགུལ་ཆེ་གྲས་ཡིན་ན་འབྲེལ་ཡོད་གཏན་ཁེལ་ལྟར་ཐོ་འགོད་སྙན་སེང་ཞུ་དགོས། “སུས་རྩ་འཛུགས་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལྟར་རིམས་འགོག་ཚོད་འཛིན་བྱ་བའི་འཆར་གཞི་བཟོ་དགོས། མི་གྲངས་ཚོད་འཛིན་ནན་མོ་བྱེད་པ་དང། གང་ཐུབ་ཀྱིས་ཞིང་ཆེན་ཕྱིའི་མི་གདན་འདྲེན་མི་བྱེད་པ་མ་ཟད། རིམས་འགོག་ཚོད་འཛིན་བྱེད་ཐབས་དག་ལག་བསྟར་ནན་མོ་བྱེད་དགོས། སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཤོག་རྩེད་དང་མིག་མངས་རྩེ་ས། མ་ཅང་རྒྱག་ས་སོགས་མི་མང་ཞིང་མཁའ་དབུགས་འཁོར་རྒྱུག་མི་བཟང་བའི་འདུ་ར་ཚང་མས་ཚོང་ལས་གཉེར་མི་ཆོག

ལྔ། རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་སྒྲིག་གཞིས་ཚད་གཞི་དང་བླང་བྱར་ནན་གྱིས་གཞིགས་ནས། ཐོག་མར་སྨན་བཅོས་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་སྔོན་དཔྱད་ཁག་བགོས་སྨན་བཅོས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་མཚོ་སྔོན་དུ་ཡོང་ཞིང་། ཚ་བ་རྒྱས་པའི་དོགས་ཡོད་ནད་པར་གྲལ་བཤེར་དང་། སྙན་ཞུ། སྨན་ཁང་གཞན་དུ་བསྐྱལ་ནས་སྨན་བཅོས་བྱེད་པ་བཅས་ལ་ཤུགས་སྣོན་དགོས། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དང་སྒེར་གྱི་སྨན་བཅོས་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་ཀྱིས་ཚ་བ་རྒྱས་པའི་ནད་པར་སྨན་བཅོས་བྱེད་མི་ཆོག

དྲུག  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འབྲེལ་ཡོད་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས། ཚད་གཞི་ཚད་ལྡན་བཅས་ལ་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་དང་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔོན་འགོག་ཚོད་འཛིན་བྱེད་ཐབས་ཀྱི་ཚད་གཞི་གང་འདོད་སྒོས་ཇེ་དམའ་རུ་གཏང་མི་ཆོག་ལ། ཕྱི་ཚུལ་ཙམ་བཟུང་ནས་སྔོན་འགོག་ཚོད་འཛིན་དོན་མེད་དུ་གཏང་མི་ཆོག སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་མ་ཡིན་པར་རིམས་ནད་མཆེད་དུ་བཅུག་ན། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

བདུན། པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་ནི་འགོས་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་རིམས་འགོག་སྨན་ཁབ་གང་མགྱོགས་ངང་རྒྱག་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། ལོ18ཡན་གྱི་མི་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་བརྟན་བརླིང་གཏོང་བ་དང་ཆབས་ཅིག བླང་བྱ་གཞིར་བཟུང་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་གཏོང་དགོས། འགོག་སྨན་གྱི་འཛེམ་བྱ་མེད་པ་མ་ཟད་རིམས་འགོག་སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་འཚམ་པའི་མི་ཚོགས་ཀྱིས་རང་འགུལ་ངང་རིམས་འགོག་སྨན་ཁབ་རྒྱག་པ་དང་། རིམས་འགོག་སྨན་ཁབ་རྒྱག་དགོས་པ་དག་ལ་རྒྱག་ཐུབ་པ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2021ལོའི་ཟླ8པའི་ཚེས4ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།