མཚོ་སྔོན་གྱིས་ཁང་བའི་ཐོན་ལས་ཁྱབ་ཁོངས་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་བའི་བདེ་འཇགས་ཉིང་ལག་རུ་ཁག་གིས“2021ལོའི་དྲ་བ་གཙང་བཟོ”ཡི་ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ནས། དམིགས་ཡུལ་ནི་མང་ཚོགས་ཀྱིས་བསམ་འཆར་ཛ་དྲག་བཏོན་པའི་སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་གི་རྣམ་པ་གསལ་རྗེན་དུ་གཏོང་ཆེད་རེད། ཟླ7པར་ཁང་བའི་ཐོན་ལས་ཁྱབ་ཁོངས་སུ་སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་ནས། དོགས་ཡོད་ཉེས་ཅན22འཛིན་བཟུང་བྱས་པ་དང་། དེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་མང་པོའི་གཞིས་ཁུལ་ཆུང་བ167གི་ཁང་བདག་གི་ཆ་འཕྲིན778107དང་འབྲེལ་བ་ཡོད་པ་རྩད་ཆོད།

གྱོད་གཞི་དེར་མིག་སྔའི་བར་འཛིན་བཟུང་བྱས་པའི་མི་སྣར་དབྱེ་ཞིབ་བྱས་པ་ལྟར་ན། ཉེས་གསོག་བྱེད་པོ་གཙོ་བོ་ཁང་བའི་ཐོན་ལས་ཚོང་གཉེར་འཆར་འགོད་ལས་རིགས་ཀྱི་ཕྱིར་ཚོང་མི་སྣ་རེ་ཟུང་གི་ཁྲོད་དུ་ཡོད། མི་འདི་དག་ལ་སྤྱི་དམངས་སྒེར་གྱི་ཆ་འཕྲིན་ཡོད་པའམ་ཡང་ན་མི་སྒེར་གྱི་ཆ་འཕྲིན་དགོས་འདུན་ཡོད་ཅིང་། ཉོ་བ་དང་། བརྗེ་རེས། འཚོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཐོབ་རྗེས། ཁ་པར་ལས་ཕྱིར་འཚོང་བྱ་བ་བསྒྲུབ་པ་རེད། དེ་དང་ཆབས་ཅིག་ལས་རིགས་མི་ཉུང་བ་ཞིག་ལ“ནང་འདྲེ”ཡོད་པས་འགན་འཁྲི་སྒྲུབ་པ་དང་། ཞབས་ཞུ་མཁོ་འདོན་བྱེད་རིང་ཁོང་དུ་ཆུད་པའི་མི་སྒེར་གྱི་ཆ་འཕྲིན་ཕྱིར་ཚོང་བྱས་ནས་ཁེ་བཟང་རེག་བཞིན་ཡོད།

གྱོད་གཞི་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མང་ཆེ་བ་ས་གནས་དེ་གའི་གཞིས་ཁུལ་གྱི་ཁང་བདག་གི་ཆ་འཕྲིན་རེད། གྱོད་གཞིི་དེར་འབྲེལ་བའི་མི་སྒེར་གྱི་ཆ་འཕྲིན་རིགས་ལ་བལྟས་ན། གྱོད་གཞི་འདི་དང་འབྲེལ་བ་ཡོད་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་མང་ཆེ་བ་གཞིས་ཁུལ་ཁང་བདག་གི་ཆ་འཕྲིན་ཡིན་པ་དང་། ནང་དོན་ནང་ཁང་བདག་གི་རུས་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། འབྲེལ་གཏུག་ཁ་པར། ཁྱིམ་ཚང་གནས་ཡུལ་སོགས་ཀྱི་ཆ་འཕྲིན་ཚུད་ཡོད། ཆ་འཕྲིན་དེ་རིགས་ཚོར་སྣང་སྐྱེན་པའི་ཆ་འཕྲིན་ཁོངས་སུ་གཏོགས་པས་ཆ་འཕྲིན་དེ་དག་གློག་འཕྲིན་མགོ་སྐོར་དང་བསྙད་འདོགས་རྒྱུ་འཕྲོག་སོགས་ཀྱི་ཉེས་གསོག་ལ་བེད་སྤྱོད་སླ་པོ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།