མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་ན་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ལི་ཅེ་ཞང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཚོགས་འདུས་བསྟན་དོན། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་དེ་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་། མི་རིགས་ཀྱི་དར་རྒྱས། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་མིའི་སྲུང་སྐྱོབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། ཤེས་རྟོགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་སྤེལ་གྱི་སྤྱིའི་མཐོ་ཚད། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། འགན་འཁྲི་འཁུར་སེམས་དང་མཁོ་གནད་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ལ། སློབ་གྲྭའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་ནར་མ་སོན་པའི་མིའི་དྲ་བའི་བར་སྟོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་བ་དང་། ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། དཀའ་གནས་སུ་གྱར་པའི་བྱིས་པ་དང་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་བྱམས་སྐྱོང་བྱས་ཏེ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་མ་ལག་ཆགས་དགོས།

ཚོགས་འདུས་ས་གནས་སོ་སོ་དང་སྡེ་ཚན་སོ་སོས་བྱ་བའི་འགན་འཁྲི་ཁ་གསལ་བཟོས་ཏེ་རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར“དོ་དམ་བྱེད་མཁན་ཡོད་པ། བྱ་བ་སྒྲུབ་མཁན་ཡོད་པ། བྱ་བར་གྲོན་དངུལ་ཡོད་པ”བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་དུས་རྒྱུན་དུ་ནན་འཛིན་བྱས་ཏེ་གོ་རིམ་ལྡན་པ་དང་། གཙོ་གནད་ཡོད་པ། ཁྱད་ཆོས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་བྱ་བའི་མཉམ་ཤུགས་ཆགས་ནས་ཤུགས་ལྡན་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས། སྲིད་གཞུང་རིམ་པ་སོ་སོས་རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ། ལྟ་སྐུལ་སློབ་སྟོན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱུན་ཆད་མེད་པར་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་ཡར་ཐོན་གསར་བ་ཡོང་བར་སྐུལ་འདེད་གཏང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།