མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བརྙན་རིས་གྲོས་ཚོགས་ཐེངས་ཉེར་དགུ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡི་བརྙན་རིས་གྲོས་ཚོགས་ཐེངས་ཉེར་དགུ་པ་བསྡུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏོད་པའི་སྒྲིག་སྲོལ་ཕྱོགས་བསྡུས་ཚན་ཆུང་གི་ཟླ7པའི་ཚེས28ཉིན་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞང་གཉིས་ཀྱི་བྱ་བའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་ལ་དབྱེ་ཞིབ་དང་། ད་ལྟའི་རིམས་ནད་འགོག་བཅོས་ཚོད་འཛིན་དང་འགོག་ཁབ་རྒྱག་པའི་བྱ་བའི་ཐད་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། དེང་སྐབས། རྒྱལ་སྤྱི་རྒྱལ་ནང་གི་རིམས་ནད་གནས་བབ་སྔར་བཞིན་ཅུང་ཛ་དྲག་ཡིན་ཞིང་། འགོག་བཅོས་ཚོད་འཛིན་ལས་འགན་སྔར་བཞིན་ལྕི། ས་གནས་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་དོགས་ཟོན་དང་གཡོལ་སེམས་མེད་པར་ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་ལྡོག་འཕར་འགོག་པའི་བྱ་བ་སྒྲུབ་ནས། རང་ཞིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཀྱི་གཙོ་གནད་བྱ་བ་སོ་སོ་ལེགས་པོར་སྒྲུབ་དགོས། འཕྲལ་བསྟུན་བཀོད་འདོམས་མ་ལག་ལ་ཤུགས་སྣོན་དགོས་པ་དང་། རིམས་ནད་གནས་ཚུལ་སྙན་ཞུ་དང་། ཉིན་རེའི་སྙན་ཞུ་གཅིག་ཀྱང་མེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། རོགས་སྒྲུབ་རྩད་ཞིབ་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ་དང་། རོགས་སྒྲུབ་རྩད་ཞིབ་བྱེད་ནུས་འདོན་སྤེལ་བྱས་ནས། ཉེན་ཁ་མཐོ་འབྲིང་ས་ཁུལ་གྱི་མཚོ་སྔོན་དུ་ཡོང་བའི་མི་སྣའི་རྩད་ཞིབ་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྱོན་ཡོངས་ནས“ས་ཚིགས་གཉིས་དང་ཚོགས་ར་གཅིག”གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་རིམ་སྤར་དང་། གཅིག་བསྡུས་ལོགས་བཀར་ས་ཚིགས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན། དེ་མིན“ཁུལ་གསུམ་དང་བགྲོད་ལམ་གཉིས”དང་། མི་སྣ་རིགས་འབྱེད་ལོགས་བཀར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་དང་ཞིབ་ཚགས་སུ་བཏང་ནས། གཙོ་གནད་ར་བའི་དོ་དམ་ཚོད་འཛིན་དང་། འགོག་ཁབ་རྒྱག་པ། སྲིད་ཇུས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས། “སྨན་ཁབ་རྒྱག་འོས་པར་གང་ནུས་ཀྱིས་རྒྱག་པ”དང་། རིམས་ནད་འགོག་བཅོས་ཚོད་འཛིན་ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་འགན་འཁྲི། ལས་ཁུངས་ཀྱི་འགན་འཁྲི། མི་སྒེར་གྱི་འགན་འཁྲི་བཅས་གཟབ་ནན་དུ་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་སྲུང་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།