ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི“ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན”ཞེས་པ་དང་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི“ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར”ཞེས་པའི་བླང་བྱ་གལ་ཆེན་ལ་དམིགས་ཏེ་སློབ་སྦྱོང་བགྲོ་གླེང་སྤེལ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་།
ཏུའུ་ཅེ་དང་མཱ་ཧྥིན་ཧྲིན། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཉིས་བཅས་ཀྱིས་མཚོ་སྔོན་གྱི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པ་དང་། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ་གཏིང་ཟབ་མོས་རྒྱུས་ལོན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་པའི་དོན་སྙིང་བླང་བྱ། གུང་ཁྲན་ཏང་མིའི“སྤྱོད་པ”ཇེ་ལེགས་སུ་གཏོང་བ། གུང་ཁྲན་ཏང་མིའི“ལག་ལེན”ཇེ་དྲག་ཏུ་གཏོང་བ། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་རིམ་པའི་མགོ་ཁྲིད་གཞན་པས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“བརྩི་མཐོང་གསུམ”དང“ལག་ཏུ་བསྟར་བ་གསུམ”གྱི་བླང་བྱ་ལས། ཏང་གི་ངོ་བོ་རང་བཞིན་དང་དམིགས་ཡུལ། ཐོག་མའི་སེམས་འདུན་དང་འགན་འཁྲི། ལས་འགན་ཁག་ཁུར་བཅས་མཚོན་ཡོད་ལ། ཏང་འཛུགས་སྐྱོང་ལས་གྲུབ་པའི་ཉམས་མྱོང་གལ་ཆེན་དང་། དམར་པོའི་སྲོལ་རྒྱུན་དང་སྤྱོད་བཟང་བཅས་མཚོན་པར་མ་ཟད། གུང་ཁྲན་ཏང་མིའི་འགྱུར་བ་མེད་པའི་ཆོད་སེམས་དང་། རིན་ཐང་འཚོལ་སྙེག བླ་མེད་ཀྱི་གཤིས་རྒྱུད་བཅས་མཚོན་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་དཔོག་པ་དང་མྱོང་རྟོགས་རྩེར་སོན་པར་བྱས་ནས་ལག་ལེན་ལ་དངོས་སུ་ཞུགས་ཤིང་། དུས་གཏན་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་དང་དམངས་ཕན། སྤྱོད་གཙང་བཅས་ཀྱི་རང་མདངས་མ་ཡལ་བར་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལས། དམངས་དོན་ཏག་ཏིག་སྒོས་སྒྲུབ་པ་དང་། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལས་དོན་ལེགས་པར་སྒྲུབ་པ། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་པ་སོགས་ཕྱོགས་ལྔ་ནས་བྱ་བའི་ཐད་བླང་བྱ་བཏོན། མཚོ་སྔོན་དང་བོད་ལྗོངས་ཀྱི་ས་ཁོངས་འབྲེལ་ཡོད་པ་དང་ཁོར་ཡུག་ཆ་འདྲ་བ། རིག་གནས་ཀྱི་འཕེལ་ཕྱོགས་མཚུངས་ཤིང་མི་རིགས་སྣ་མང་འདུས་སྡོད་ཀྱི་ས་ཆར་གཏོགས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནི། མཚོ་སྔོན་གྱི་བྱ་བར་ཡང་འཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། འགན་འཁྲིའི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོའི་ཕན་བདེ་ཇེ་བཟང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་པ་སོགས་ཀྱི་གཙོ་གནད་དཀའ་གནད་དང་དམ་དུ་སྦྲེལ་ནས། གྲོས་མོལ་སྲིད་གླེང་དང་། ཐབས་འདོན་ཇུས་འབུལ། ངོས་འཛིན་གཅིག་མཐུན་བཅས་བྱེད་དགོས་ཞེས་བསྟན།
ཀྲང་ཝུན་ཁུའེ་དང་མཱ་ཧེ་དབྱིན། ཝང་ཞུན་བཅས་བགྲོ་གླེང་ལ་ཞུགས་ཡོད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དང་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་ཆེད་དོན་བགྲོ་གླེང་སྤེལ།