མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཕན་བདེ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི9710བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་ཆ་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཕན་བདེ་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་མཐོར་འདེགས་སུ་གཏོང་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི9710བརྩོན་ལེན་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་སྔར་ལས་མང་པོ་ལ་ཕན་ཐོགས་པ་རེད།

ཐེངས་འདིར་བརྩོན་ལེན་བྱས་པའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་ནི་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཐེངས་ཤིག་ཡིན་ལ། གཙོ་བོ་རིགས་བཞི་ཡི་སྤྱི་ཚོགས་ཕན་བདེ་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་རྣམས་གྲངས7གྱི་ཐད་སྤྱོད་རྒྱུ་རེད། དེའི་ཁྲོད་བྱིས་པའི་ཕན་བདེ་ཞབས་ཞུ་རྣམ་གྲངས1ཡོད་པ་དང་། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་སྒོར་ཁྲི1200ཡོད། སྤྲང་བོ་དང་འཁྱམས་པོའི་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱི་རྣམ་གྲངས2ཡོད་ཅིང་། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་སྒོར་ཁྲི845ཡོད། པུར་འཇུག་ཞབས་ཞུ་རྣམ་གྲངས2ཡོད་ལ། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི3365ཡོད། སྨྱོ་ནད་འཕྲོད་བསྟེན་ཕན་བདེ་སྡེ་ཁག་གི་རྣམ་གྲངས2ཡོད་པ་དང་། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི4300ཡོད།

ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་བརྩོན་ལེན་བྱས་པའི་སྤྱི་ཚོགས་ཕན་བདེ་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་གྱིས་སྔར་ལས་ལྷག་པར་ཀན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མས་སྐྱོར་རང་བཞིན་གྱི་དམངས་འཚོའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། གཙོ་གནད་ཚོགས་སྤྱིའི་གཅེས་སེམས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཞབས་ཞུའི་མས་སྐྱོར་ནུས་ཤུགས་དང་ཆུ་ཚད་ཇེ་མཐོར་བཏང་། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྤྱི་ཚོགས་ཕན་བདེ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཕན་འབྲས་ལྡན་པའི་འདོན་སྤྲོད་ཇེ་མཐོར་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།