ལོ་ངོ་བདུན་ཅུའི་འབད་འབུངས་ལས་གཏམས་པའི་གྲུབ་འབྲས།

——ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་ཚན་ཞིབ་བློ་འདྲིའི་བྱ་བ་སྤེལ་ནས་ལོ་ངོ70འགོར་བར་ཕྱིར་རྟོག་བྱས་པ།

微信图片_20210726163641.jpg

དཔྱིད་ཀྱི་དཔལ་ཡོན་རྫོགས་ཤིང་སྟོན་གྱི་འབྲས་བཟང་སྨིན། ཆུ་བོར་བགས་ཐོན་ཞིང་རི་བོར་མདངས་རྒྱས་པའི་དུས་བཟང་འདི་ནི།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐལ་བ་བཟང་པོ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་ངོ70རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་མི་རབས་སོ་སོས“དངོས་ཐོག་བདེན་འཚོལ”གྱི་སློབ་གྲྭའི་རྩ་དོན་འདི་ཉིད་མཐའ་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཀྱིས་མདུན་སྐྱོད་བྱས་ཏེ་སློབ་གྲྭའི་ཚན་ཞིབ་བྱ་བ་འདི་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བའི་བར་རྒྱ་བསྐྱེད་དེ། རྒྱལ་ཡོངས་ཀྱི་ཏང་ཨུ་སློབ་གྲྭའི་ཁོངས་གཏོགས་སུ་ཚུད་དུ་བཅུག་ཅིང་།   མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་ཐུབ་པ་བྱུང་བ་དང་། ཏང་གི་རིག་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གཉིས་ཟུང་འབྲེལ་གྱིས་སློབ་གྲྭའི་ཚན་ཞིབ་བྱ་བ་དང་གསོ་སྦྱོང་གི་བྱ་བ་གཉིས་ལ་འབྲས་བུ་བླ་ན་མེད་ཞིག་བླངས།

ལོ་ངོ70ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ཚེ། ཚན་ཞིབ་བློ་འདྲིའི་ལས་དོན་འདིས། དཀའ་ཚེགས་ཆེ་བའི་ལོ་ཟླའི་ཁྲོད་ཐོག་མའི་བསམ་འདུན་དེ་ཡིད་ལ་དམ་པོར་བཅངས་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དྲག་ཆས་ལུས་ལ་ཡོངས་སུ་བསྒོས་ཏེ།  དུས་རབས་གསར་བའི་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱས་ཡོད།  མཚོ་སྔོན་ས་ཆར་ཐོག་མར་བཅིངས་འགྲོལ་བྱེད་དུས་སུ། ཏང་ཀྲུང་དབྱང་གིས་ལོ་གསུམ་གྱི་སླར་གསོའི་དུས་སྐབས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་བཏོན་པ་དེ་དང་། ཞིང་ཆེན་ཏང་ཨུས“ཞིང་ལས་ས་ཁུལ་དུ་རྐང་འཛུགས་དགོས་པ་དང་། འབྲོག་ཁུལ་དུ་བརྟན་པོར་ཡར་ལངས་དགོས”ཞེས་པའི་བླང་བྱ་བཏོན་པ་ལྟར། ཆབ་སྲིད་ཀྱི་གོ་རྟོགས་ལྡན་ཞིང་རིག་གནས་ཆུ་ཚད་ངེས་ཅན་ལྡན་པའི་འབྲིང་རིམ་དང་དམའ་རིམ་མགོ་ཁྲིད་ལས་བྱེད་པ་དང་། དེ་བཞིན་འཐབ་ཕྱོགས་ཁག་གི་ལས་སྒོའི་ལག་རྩལ་རྐང་འཛིན་པ་སྐོར་ཞིག་མྱུར་ཏུ་གསོ་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་བས། འདི་ཉིད་དོན་འཁྱོལ་ཡོང་བར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་འོག  1951ལོའི་ཟླ3པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་སློབ་གྲྭ་བཙུགས་པ་དང་།  དེས་མཚོ་སྔོན་ཏང་ཨུ་སློབ་གྲྭའི་བྱ་གཞག་དངོས་སུ་མགོ་ཚུགས་པ་མཚོན་ཡོད། 1956ལོའི་ཟླ7པར་མཚོ་སྔོན་ལས་བྱེད་པའི་སློབ་གྲྭ་དེ་མཚོ་སྔོན་ཞིང་ཆེན་དམའ་རིམ་ཏང་གི་སློབ་གྲྭར་མིང་བསྒྱུར་བ་དང་། 1959ལོའི་ཟླ12པར་དངོས་སུ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭར་མིང་བསྒྱུར། དུས་སྐབས་དེའི་ནང་ཏང་ཨུ་སློབ་གྲྭས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འབྲིང་རིམ་མགོ་ཁྲིད་ལས་བྱེད་པ་དང་། ཆེད་ལས་ཀྱི་བྱང་ཚད་ངེས་ཅན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་ལས་ཀའི་རྐང་འཛིན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ནས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག སྐབས་དེར་ཚན་རིག་ཞིབ་འཇུག་བློ་འདྲིའི་ལས་ཀ་འདི་ཏང་ཨུ་སློབ་གྲྭའི་བྱ་བའི་ལྟེ་བར་དངོས་སུ་གྱུར་མེད་མོད།  འོན་ཀྱང་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་ཆེད། རང་རྟོགས་ཀྱིས་སུའུ་གུང་ཏང་གི་ལོ་རྒྱུས་དང་། མཚན་ཉིད་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པ། ཀྲུང་གུང་ཏང་གི་ལོ་རྒྱུས། ཏང་འཛུགས་སྐྱོང་སོགས་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་འཁྲིད་བྱའི་ནང་དོན་དག་ལ་དམིགས་ནས།  སློབ་དེབ་རྩོམ་སྒྲིག་དང་གཞུང་ལུགས་དབྱེ་ཞིབ།  བྱ་བའི་སྤྱི་བསྡོམས་སོགས་བརྒྱུད་དེ། ཚན་ཞིབ་བློ་འདྲིའི་ལས་དོན་ལ་ཐོག་མའི་ས་བོན་ཞིག་བཏབ་ཅིང་། འབྱུང་འགྱུར་གྱི་ཚན་ཞིབ་བློ་འདྲིའི་ལས་དོན་ལ་རྨང་གཞི་ལེགས་པོ་ཞིག་བཏང་།

1978ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུང་བརྡ་གཞི་ནས་བཏང་བས། ཏང་གི་ལས་འགན་ལྟེ་བ་གཞན་སྒྱུར་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིམ་བཞིན་ལག་བསྟར་བྱུང་བ་དང་བསྟུན་ནས།  ཏང་ཨུ་སློབ་གྲྭའི་ཚན་ཞིབ་བློ་འདྲིའི་ལས་དོན་ལ་ཕྱོགས་ཡོངས་ནས་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བའི་དཔྱིད་ཀ་ཤར་བ་རེད། 1981ལོའི་ཟླ11པར། ཞིང་ཆེན་ཏང་ཨུའི་ཨུ་སློབ་གྲྭས་ཆེད་དུ་སློབ་གྲྭའི་དུས་དེབ་རྩོམ་སྒྲིག་དང་སློབ་གྲྭ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་མཐུན་སྦྱོར་བྱ་བའི་གཞུང་ལུགས་ཞིབ་འཇུག་ཁང་བཙུགས། 1982ལོར་ཀྲུང་དབྱང་ཏང་ཨུ་སློབ་གྲྭས་ཆ་རྐྱེན་འཛོམས་པའི་ཞིང་ཆེན་ཏང་ཨུ་སློབ་གྲྭས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལྟེ་གནས་གཉིས་འཛུགས་དགོས་པའི་བླང་བྱ་བཏོན་པས། ཞིང་ཆེན་ཏང་ཨུ་སློབ་གྲྭས་ཚན་ཞིབ་བྱ་བ་དེའང་ཉིན་རེའི་བྱ་བའི་གྲོས་རིམ་གལ་ཆེན་གྱི་གྲས་སུ་བཞག་ནས།  ཚན་ཞིབ་ནུས་པ་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚན་ཞིབ་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྲོམ་གཞི་ཞིག་རིམ་བཞིན་བཙུགས་པ་དང་། 1982ལོར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དུས་དེབ《རྩེར་སྙེག》གསར་དུ་བཏོན། 1992ལོར《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་སྲིད་འཛིན་སློབ་གྲྭ། མཚོ་སྔོན་སྤྱི་ཚོགས་རིང་ལུགས་སློབ་གྲྭ་བཅས་ཀྱི་ཚན་རིག་ཞིབ་འཇུག་ལས་ཀའི་སྲོལ་ཡིག》གཏན་འབེབས་བྱས།  2001ལོར་ཚན་ཞིབ་པུའུ་ཡི་སྒོ་བྱང་བཏགས་ནས“མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་སུའོ”བཙུགས་པ་དང་།  “རིག་པའི་བང་མཛོད”འཛུགས་སྐྲུན་ཐད་དུ་གོམ་སྟབས་ཆེན་པོ་བསྒྱུར། 2006ལོར་ཞིང་ཆེན་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཞིབ་དཔྱོད་བྱེད་པར་ཐད་ཀར་མཁོ་འདོན་བྱེད་པའི་ཐབས་ཇུས་བློ་འདྲིའི“ཐད་གཏོང་རླངས་འཁོར”སྟེ།   《མཚོ་སྔོན་ཏང་ཨུ་སློབ་གྲྭའི་ཞིབ་འཇུག་སྙན་ཞུ》གསར་དུ་བཙུགས་ནས་ཞབས་ཞུའི་ཐབས་ཇུས་བློ་འདྲིའི་རྣམ་པ་གསར་བ་བཏོན་པ་དང་།  2008ལོར།《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཨུ་སློབ་གྲྭའི་བྱ་བའི་སྲོལ་ཡིག》གི་ནང་ཏང་ཨུ་སློབ་གྲྭའི་ཁྱད་ཆོས་མངོན་གསལ་དོད་པའི་རིག་ཚན་མ་ལག་འཛུགས་རྒྱུའི་སྐོར་གྱི་བླང་བྱ་ལག་བསྟར་བྱ་ཆེད།《2008ལོ་ནས2018ལོའི་བར་གྱི་རིག་ཚན་འཛུགས་སྐྱོང་འཆར་འགོད(ཚོད་ལྟའི་ལག་བསྟར)》བཟོས་ནས“སློབ་གྲྭ་གཅིག་དང་སློབ་གླིང་གཉིས”ཀྱི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་རིག་ཚན་མ་ལག་བཟོས་པས།  རྒྱལ་ཡོངས་ཏང་ཨུ་སློབ་གྲྭའི་ཁོངས་གཏོགས་ཀྱི་སློབ་གྲྭའི་སྔོན་ཐོན་གྱི་གྲས་སུ་ཚུད།  དུས་སྐབས་དེར་སློབ་གྲྭའི་ཚན་ཞིབ་གྲུབ་འབྲས་ཀྱི་གྲངས་འབོར་དང་སྤུས་ཚད་ཕྱོགས་གང་ནས་ཀྱང་འཕེལ་རྒྱས་བྱུང་སྟེ་ཚན་ཞིབ་གྲུབ་འབྲས་ཀྱི་སྤྱིའི་གྲངས་འབོར3000ལྷག་ལ་སླེབས། 《མི་དམངས་ཉིན་རེའི་ཚགས་པར》དང《འོད་ཟེར་ཉིན་རེའི་ཚགས་པར》སོགས་རྒྱལ་ནང་གི་མཚན་ལྡན་ཚགས་པར་དང་དུས་དེབ་སྟེང་རིག་པའི་གཞུང་ལུགས་ཀྱི་རྩོམ་ཡིག་བཅུ་ལྷག་སྤེལ་བ་དང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་ལ་བྱ་དགའ་བརྒྱ་ལྷག་ཐོབ། སློབ་གྲྭའི་ཚན་ཞིབ་ལས་གཞི་མེད་པ་ནས་ཡོད་པའི་བར་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་དང་པུའུ་རིམ་པའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་རྐྱང་པ་ནས་རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་འཆར་འགོད་ལས་གཞི་སྣ་ཚོགས་བར་རྒྱ་ཆེར་བཏང་། ཞིབ་འཇུག་ཁྱབ་ཁོངས་དེ་སྤྱི་ཚོགས་ཚན་རིག་ནས་རིག་ཚན་སྣོལ་མ་དང་ཕྱོགས་བསྡུས་རིག་ཚན་སོགས་ཁྱབ་ཁོངས་བཅུ་གྲངས་བར་རྒྱ་ཆེར་བཏང་། རིག་གཞུང་ཞིབ་འཇུག་དང་རིག་པའི་གཞུང་ལུགས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་རིག་གཞུང་སྣེ་ཁྲིད་མི་སྣ་ཁག་གསོ་སྐྱོང་བྱས། 2008ལོ་དང2009ལོར་སློབ་གྲྭའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་འཛུགས་པའི་གྲངས་འབོར་ལོ་གཉིས་ལ་བསྟུད་མར་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་ཨུ་སློབ་གྲྭའི་ཨང་དང་པོར་སླེབས་པ་དང་། 2010ལོར་རྒྱལ་ཡོངས་ཏང་ཨུ་སློབ་གྲྭའི་ཁོངས་གཏོགས་ཀྱི་ཚན་ཞིབ་བྱ་དགའི་དཔྱད་བསྡུར་བྱ་གཞིའི་ལས་གཞི་སྐབས་བརྒྱད་པ་རུ་འོས་སྐུལ་བྱ་དགའ་ཐོབ་ལ། སློབ་གྲྭའི་ཚན་ཞིབ་བློ་འདྲིའི་ལས་དོན་ཡར་ངོས་ཟླ་ལྟར་འཕེལ་ནས་རིག་པའི་གཞུང་ལུགས་དང་བསམ་བློའི་གཤིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

དུས་རབས་གསར་བར་སླེབས་རྗེས། ཏང་ཨུ་སློབ་གྲྭའི་ཚན་ཞིབ་འཕེལ་རྒྱས་དེ་སྔོན་མེད་ལོ་རྒྱུས་ཀྱི་གོ་སྐབས་ཤིག་དང་འཕྲད་པ་དང་། སློབ་གྲྭས་སྔོན་ན་མེད་པའི་ནུས་ཤུགས་ཁྱད་པར་བ་ལ་བརྟེན་ནས་ཚན་ཞིབ་བློ་འདྲིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། “དམར་པོའི་སློབ་གྲྭ་རྩེ་གྲས་དང་རྩེར་སོན་རིག་མཛོད་གསར་བ”འཛུགས་སྐྲུན་དམིགས་ཚད་དང་།  སློབ་ཁྲིད་དང་ཚན་ཞིབ་ཀྱི“འཁོར་གཉིས་མཉམ་འཁོར”གྱི་དུས་སྐབས་དེར། སློབ་གྲྭས“རིག་པའི་གཞུང་ལུགས་འཛུགས་སྐྱོང་རིམ་སྤོར་དང་། ཐབས་ཇུས་བློ་འདྲི་རིམ་སྤོར། བསམ་བློའི་སྣེ་ཁྲིད་རིམ་སྤོར”བཅས་ལས་འགན་གཙོ་བོར་བཟུང་ནས། “ཤུགས་རྐྱེན་ཐེབས་ཤུགས”དང“ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར”མཐོང་ཆེན་བྱས་ཏེ་ལས་སྟེགས་གསར་བ་དང་།  ལམ་སྲོལ་གསར་བ།  འཁོར་སྐྱོད་གསར་བ་བཅས་བཏོད་པར་ཁྱོན་མ་དངུལ་སྒོར་ས་ཡ་ལྔ་ལྷག་ཙམ་བཏང་ཞིང་།  ལོ་གསུམ་ལ་བསྟུད་མར་ཚན་ཞིབ་བློ་འདྲིའི་གསར་གཏོད་ལས་གཞི་ལག་བསྟར་བྱས་པ་དང་། རིག་མཛོད་གསར་བ་འཛུགས་སྐྲུན་གྱི་ལས་གཞི་ཆེ་གྲས་བརྒྱད་ལག་བསྟར་བྱས་པ། རིག་པའི་གཞུང་ལུགས་དྲིལ་བསྒྲགས།  ཐབས་ཇུས་བློ་འདྲི།  རིག་གཞུང་བགྲོ་གླེང་བྱེད་སྒོ་སོགས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ནས་གྲུབ་འབྲས་གཡུར་དུ་ཟ་བ་རབ་དང་རིམ་པ་ཐོབ་ཡོད། རིག་མཛོད་འཛུགས་སྐྲུན་ཡང་ཕྱོགས་ཡོངས་ནས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། སློབ་གྲྭ་དང་ཞིང་ཆེན་ཏང་ཨུ་འཕེལ་རྒྱས་བཅོས་བསྒྱུར་གཞུང་ལས་ཁང་གཉིས་མཉམ་འབྲེལ་བྱས་ཐོག མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་ཞིབ་འཇུག་ཁང་བཙུགས་ནས་སྔ་ཕྱི་རུ་མཚོ་སྔོན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་གཙོ་གཉེར་བྱས་པ་དང་།  《མཚོ་སྔོན་ཉིན་རེའི་ཚགས་པར》གྱི“ཆུ་མགོའི་དཔྱད་གཏམ”ཐོག“རིག་མཛོད་ཇུས་འདོན”གྱི་ཆེད་དོན་པར་ངོས་བཏོད་ཡོད། “གློད་སྡོམ་ཞབས་ཞུ་གསུམ་གྱི་སྒྱུར་བཅོས”དང“ཚོང་གཉེར་ཁོར་ཡུག་དཔྱད་དཔོག”སོགས་ཞིང་ཆེན་སྲིད་གཞུང་དང་སྡེ་ཚན་ཁག་གིས་མངགས་བཅོལ་བྱས་པའི་ཕྱོགས་གསུམ་པའི་དཔྱད་དཔོག་ལས་དོན་གྱི་འགན་འཁུར་ནས།  ཞིང་ཆེན་ནང་ཁུལ་གྱི་ཕྱོགས་གསུམ་པའི་དཔྱད་དཔོག་སྲིད་སྐྱོང་ལས་རོགས་ཀྱི་མཚན་སྙན་བླངས། སྔ་ཕྱི་རུ་སྲིད་དོན་སྐྱོང་རོགས་གྲུབ་འབྲས110ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་མགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་ཐོབ་ནས་དང་ལེན་བྱས་པ་རེད། ཞིང་ཆེན་ཕྱི་ནང་གི་ཕུལ་བྱུང་རིག་མཛོད་དང་འབྲེལ་ཡོད་སྒྲིག་གཞི་མང་བོ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་ཚན་ཞིབ་བློ་འདྲིའི་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་།  2020ལོར་ཀྲུང་དབྱང་ས་གནས་སྤྱི་ཚོགས་སློབ་གྲྭའི་ཁག་དང་པོའི“ཞིབ་འཇུག་ཚོགས་ཆུང་མཉམ་འབྲེལ”ཁྲོད་བདམས་ཐོན་བྱུང་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར”ཞིབ་འཇུག་བྱས་ནས་དབུས་ནུབ་རྒྱུད་ཀྱི་སློབ་གྲྭའི་ཁྲོད་ཀྱི་སྣེ་ཁྲིད་ལས་ཁུངས་འབའ་ཞིག་ཏུ་གྱུར་ཡོད།

དུས་རབས་གསར་བར་སླེབས་རྗེས།  སློབ་གྲྭའི་ཚན་ཞིབ་བློ་འདྲིའི་ལས་དོན་དེ་སྤུས་ཚད་མཐོ་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། སློབ་གྲྭའི་རིག་པའི་གཞུང་ལུགས་འཛུགས་སྐྱོང་དང་། བསམ་བློའི་སྣེ་ཁྲིད། ཐབས་ཇུས་བློ་འདྲི་བཅས་ཕྱོགས་ཡོངས་ནས་མེ་ཏོག་བཞད་པ་དང་། སློབ་གྲྭའི་དགེ་རྒན་རྣམས་ཀྱི་བརྩམས་ཆོས་ཁག46དཔེ་སྐྲུན་བྱས་པ། ཞིབ་འཇུག་ལས་གཞི་སྣ་ཚོགས་ཁག500ལྷག་ལེགས་སྒྲུབ་བྱས་པ་དང་། དཔྱད་རྩོམ2000ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྟེང་སྤེལ། 2016ལོར་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཁག་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་འཛུགས་པའི་གྲངས་འབོར་ནི་སླར་ཡང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་ཨུ་སློབ་གྲྭ་ལས་ཨང་དང་པོར་སླེབས་ཡོད་པ་རེད།  རྒྱལ་ཡོངས་ཏང་ཨུ་སློབ་གྲྭའི་ཁོངས་གཏོགས་ཀྱི་ཚན་ཞིབ་བྱ་དགའི་དཔྱད་བསྡུར་ནང་གཟི་བརྗིད་མཚན་སྙན་ཡང་ཡང་ཐོབ་པ་དང་། 2012ལོ་དང2014ལོར“ཚན་ཞིབ་བྱ་བའི་ཡར་ཐོན་བྱ་དགའ”ཐོབ། 2016ལོ་དང2020ལོར“ཚན་ཞིབ་བྱ་བ་རྩ་འཛུགས་ཀྱི་ཕུལ་བྱུང་བྱ་དགའ”ཐོབ།  2018ལོར“ཞིབ་འཇུག་བྱ་གཞིའི་ལས་གཞིའི་འོས་སྐུལ་བྱ་དགའ”བཅས་ཐོབ་པ་རེད།  2013ལོར་སྐབས་དང་པོའི་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་སློབ་གྲྭའི་ཁོངས་གཏོགས་ཀྱི་ཕུལ་བྱུང་ཚན་ཞིབ་བྱ་བའི་རྩ་འཛུགས་བྱ་དགའ་ཐོབ།  2013ལོ་དང2015ལོར་གཉེར་བའི་སྐབས་དང་པོ་དང་གཉིས་པའི་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་སློབ་གྲྭའི་ཁོངས་གཏོགས་ཀྱི་ཚན་ཞིབ་བྱ་དགའི་དཔྱད་བསྡུར་ནང“ཚན་ཞིབ་བྱ་བ་རྩ་འཛུགས་ཀྱི་ཕུལ་བྱུང་བྱ་དགའ”ཐེངས་གཉིས་ལ་བསྟུད་མར་ཐོབ་ཡོད། 2015ལོར་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཚོགས་འདུ་ཐེངས་བཅུ་དྲུག་པའི་སྟེང་། “རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་མཛོད་གསར་བ་གཏོད་པའི་སྔོན་ཐོན་ལས་ཁུངས”སུ་བདམས་ཤིང་། སྔ་ཕྱི་རུ་མཱ་ཧུང་པོ་དང་དབྱང་ཧའོ་རན་སོགས་མི10ལ་རྒྱལ་ཡོངས་ཏང་ཨུ་སློབ་གྲྭའི་ཁོངས་གཏོགས་ཀྱི“ཚན་ཞིབ་དོ་དམ་ལས་དོན་པའི་ཕུལ་བྱུང་བྱ་དགའ”ཐོབ་པ་དང་། སློབ་གྲྭའི་སྤྱི་ཡོངས་ཀྱི་ཚན་ཞིབ་བྱ་བ་དེ་རྒྱལ་ཡོངས་ཏང་ཨུ་སློབ་གྲྭའི(སྲིད་འཛིན་སློབ་གྲྭའི)ཁོངས་གཏོགས་ཀྱི་རྩེ་གྲས་སུ་སླེབས་ཤིང་།  མཚོ་སྔོན་ཞིང་ཆེན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག

ལོ་ངོ70ཡི་ལོ་ཟླ་ནི་འོད་སྟོང་འབར་ཞིང་། གྲུབ་འབྲས་ཀྱི་གཏམས་པའི་ལོ་ཟླ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ་ནི་རེ་བ་དང་འགྲན་རྩོད་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བའི་རླབས་ཆེན་གྱི་དུས་རབས་ཤིག་ཡིན།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་དེ་ང་ཚོས་ངེས་པར་དུ་མདོ་དབུས་མཐོ་སྒང་དུ་གཞི་ཚུགས་པ་དང་། རྒྱལ་ཡོངས་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ། བློ་བརྟན་འགྱུར་མེད་ཀྱི་འབད་འབུངས་དང་སྤོབས་པ་ལ་བརྟེན་ནས་གསར་གཏོད་དང་།  འགན་འཁྲིའི་ཁུར་བོ་གདོང་གིས་བསུས་ཏེ“དམར་པོའི་སློབ་གྲྭ་རྩེ་གྲས་དང་རྩེར་སོན་རིག་མཛོད་གསར་བ”བསྐྲུན་པར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་བཞིན་ཡོད།

མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོས་ངེས་པར་དུ་ཏང་ཨུ་སློབ་གྲྭའི་རུས་ཏང་ཡིན་པ་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ཁོང་དུ་ཆུད་པར་བྱེད་པ།  ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ། རང་རྟོགས་ཀྱིས“འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང“སྲུང་སྐྱོང་གཉིས”སྲུང་ཐུབ་པ་བཅས་བྱས་ཏེ།  རང་རྟོགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཞིབ་འཇུག་བྱེད་མཁན་དང་དྲིལ་བསྒྲགས་པ་ཡག་པོ་བྱེད་དགོས།

འབྱུང་འགྱུར་ལ་ཁ་ཕྱོགས་ན། ང་ཚོས་ངེས་པར་དུ་བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ། གསར་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ནང་གནས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་པ། ཚན་ཞིབ་བློ་འདྲིའི་ལས་དོན་སྔར་ལས་གཏིང་ཟབ་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

འབྱུང་འགྱུར་ལ་ཁ་ཕྱོགས་ན། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་།  སྤུས་ལེགས་འཐབ་ཇུས་ལག་བསྟར། སྤུས་ཚད་མཐོ་བའི་གྲུབ་འབྲས་ཁྲིད་སྟོན་དང་གདེང་འཇོག་ལམ་སྲོལ་འཛུགས་པ། “རབ་བྲིན་ཐོན་རྫས”གཏོད་པ། བརྩམས་ཆོས་སྤུས་ལེགས་རྒྱུན་ཆད་མེད་པར་འདོན་པ་བཅས་བྱས་ཏེ།  དུས་རབས་གསར་བའི་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་ལ་རམ་འདེགས་གང་ལེགས་བྱས་ནས་ཏང་ཨུ་དང་སྲིད་གཞུང་གིས་ཡིད་རྟོན་རུང་བ་དང་།  བློས་འགེལ་ཆོག་པ།  བཀོལ་སྤྱོད་བྱེད་ཐུབ་པ་བཅས་ཀྱི་རིག་མཛོད་གསར་བ་ཞིག་ཏུ་བསྒྱུར་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།