མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ལས་སྒོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོག་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་གཉེར་བྱས་ཤིང་། ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་གཉེར་འགན་ཁུར་བའི་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་སྒོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོག་མགོ་ཚུགས། གྲོང་ཁྱེར་དང་ཁུལ་སོ་སོའི་ནོར་སྲིད་ཅུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་འགའི་ནོར་དོན་ཁྲུའུ(ཁང)ཡི་ནོར་དོན་བྱ་བའི་འགན་འཁུར་བློ་མཐུན40གསོ་སྦྱོང་ཁྲོད་ཞུགས། 

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་ཉིན3ལ་གསོ་སྦྱོང་བྱས་རྗེས། ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་ཆེན་དུ་ཉིན12ཀྱི་ཏང་གི་ལོ་རྒྱུས་ཀྱི་ཏང་གཤིས་དང་ནོར་སྲིད་ལས་སྒོའི་སློབ་སྦྱོང་གསོ་སྦྱོང་དང་ལེན་བྱེད་པར་འགྲོ་རྒྱུ་རེད། གསོ་སྦྱོང་ནང་དོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། སྔོན་རྩིས་བྱས་འབྲས་དོ་དམ། ནོར་སྲིད་ལས་སྒོའི་ནུས་པ་མཐོར་འདེགས། ནོར་སྲིད་དཔལ་འབྱོར་དོ་དམ་སྲིད་ཇུས་གཏན་འབེབས་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་དང་ཞིང་ཆེན་ཕྱིའི་གསོ་སྦྱོང་ཟུང་འབྲེལ་དང་། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ། སློབ་ཁང་སློབ་སྦྱོང་དང་ཡུལ་དངོས་སློབ་ཁྲིད་ཟུང་འབྲེལ། ལས་སྒོའི་སློབ་ཁྲིད་དང་བསམ་བློ་བརྗེ་རེས་ཞིབ་བསྡུར་ཟུང་འབྲེལ་སོགས་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་སྤྱད་པས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་བྱེད་པའི་ཆབ་སྲིད་བྱང་ཚད་མཐོ་རུ་གཏང་བར་དོན་སྙིང་གལ་ཆེན་ལྡན། 

ཐེངས་འདིའི་གསོ་སྦྱོང་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་ནང་དོན་གལ་ཆེན་དུ་བརྩིས་ཏེ། ནོར་སྲིད་དོ་དམ་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམ་པོར་དམིགས་ནས་ནོར་སྲིད་ལས་དོན་མི་སྣའི་ཆབ་སྲིད་ཀྱི་བྱང་ཚད་དང་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་རེད། དེ་དང་ཆབས་ཅིག་སློབ་སྦྱོང་གྲུབ་འབྲས་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་བར་མཐོང་ཆེན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་འགན་འཁྲི་འཁུར་བ་དང་བྱ་སྤྱོད་སྤེལ་བ། རྩ་བ་བརྟན་སྲུང་དང་གསར་གཏོད་བྱེད་པ་བཅས་བྱས་ནས་ནོར་སྲིད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།