འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་བསྡུས།

ཀྲུངགོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ལི་མེན་གྱིས་བསྟན་དོན། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ནི་རྒྱལ་ནང་དུ་གཞན་དང་མི་མཚུངས་ཤིང་འདུས་ཚད་ཕུན་སུམ་ཚོགས་ལ། དཔལ་འབྱོར་རིན་ཐང་སྒོར་ཁྲིག་ཁྲིག་ལྷག་ལ་བུད་ཡོད་ཅིང་གསར་སྤེལ་གྱི་མདུན་ལྗོངས་རྒྱ་ཆེ་བས། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ལོ་ལྔ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད་མཐར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་རྐང་ཚུགས་པར་བྱས་ནས་གསར་བཏོད་མཉམ་འགུལ་འཐབ་ཇུས་ལག་བསྟར་བྱས་པ་དང་། ཐོན་སྐྱེད་དང་ཞིབ་འཇུག་མཉམ་འབྲེལ་སྒོས་སྟོབས་ཤུགས་ཡོད་རྒུས་ཚྭ་མཚོའི་མ་འཇོག་ཀུང་སི་སོགས་རྐང་འཛིན་ཁེ་ལས་སྟོབས་ལྡན་དུ་འགྱུར་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཅ་བཟོ་ལས་རྟེན་གཞི་དང་ལཱི་ཚྭ་ཐོན་རྫས་རྟེན་གཞི་ཐོག་མར་བཙུགས་པ་རེད།

ཝང་ལི་མེན་གྱིས་ནན་གྱིས་བསྟན་དོན། ཚྭ་མཚོ་ནི་མཚོ་སྔོན་གྱི་ཆེས་གལ་ཆེ་བའི་ཐོན་ཁུངས་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཡིན། འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བ་དང་རྣམ་པ་གསར་བས་ང་ཚོར་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་བླང་བྱ་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ལ། ཐོན་ཁུངས་འཐབ་ཇུས་ཡང་དག་བཟོས་ནས་ཇུས་འགོད་རྩེ་གྲས་ལ་ཤུགས་སྣོན་དགོས། ཆེད་མཁས་པ་རྣམས་ཀྱིས་འཛུབ་སྟོན་གལ་ཆེན་བྱེད་པར་རེ་བ་བྱེད་བཞིན་ཡོད་ལ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་འཆར་འགོད་བྱེད་པ་དང་། སྟོབས་ཤུགས་དང་ཤེས་རབ་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།