དཀོན་ལོ་ཚང་གོང་མ་སྡེ་བའི་མ་འོངས་པ་སྔར་ལས་བདེ་སྐྱིད་ལྡན་ངེས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་སྒོ་ཆེན་ནང་འཛུལ་ཏེ་ཕར་བལྟས་པ་ན། ཁོད་སྙོམས་པའི་སྡེ་བའི་སྲང་ལམ་གྱི་གཞོགས་གཉིས་སུ། རྫ་གཡམ་དམར་པོ་དང་ལྡེབས་ངོས་སེར་པོའི་ཁེར་ཐོག་ཅན་གྱི་ཁང་པ་ཤར་མོ་དང་ཤར་མོ་བྱས་ཏེ་སྟར་ཕྲེང་བསྒྲིགས་འདུག

ས་འདི་ནི། སྔོན་ཆད་དབུལ་ཕོངས་ཀྱི་གནས་སུ་ལྷུང་མྱོང་།

བྱེད་ཐབས་གང་ཞིག་གིས། སྔོན་ཆད་ཀྱི་དབུལ་ཕོངས་སྡེ་བར་རྩ་བ་ནས་འགྱུར་ལྡོག་བྱུང་དུ་བཅུག་པ་ཡིན་ནམ། སྙིང་སྟོབས་ཅི་ཞིག་གིས། ས་འདིར་འཚོ་གཞེས་གནང་བའི་འབྲོག་པ་མང་ཚོགས་ལ་རྒྱུན་མཐུད་ངང་འབད་འཐབ་བྱེད་དུ་བཅུག་པ་ཡིན་ནམ།

གསར་འགོད་པ་གནས་འདིར་སོང་སྟེ། སྲོལ་རྒྱུན་གྱི་ཕྱུགས་ལས་སྡེ་བ་ཞིག་གི་དབུལ་ཐར་གྱི་ལམ་བུ་འཚོལ་ཞིབ་བྱས།

རོགས་སྐྱོར།

2014ལོར། སྲིད་གཞུང་གིས་རོགས་སྐྱོར་བྱས་པ་བརྒྱུད། དཀོན་ལོ་ཚང་གོང་མ་སྡེ་བའི་དུད་ཁྱིམ132ཀྱི་འབྲོག་མི་རུ་སྤོར་བའི་འཚོ་བར་ཁ་གྱེས་ཏེ། སྤྱི་ལེ17གྱིས་ཆོད་པའི་ཕ་གིའི་ལུང་ཁུག་ནས་རྫོང་མཁར་འགྲམ་གྱི་སྡེ་གསར་དུ་གནས་སྤར་ཏེ་ཁྱིམ་གཞིས་བཙུགས།

2015ལོའི་ལོ་མཇུག་ལ། སྡེ་བ་ཡོངས་ཀྱི་དུད་ཁྱིམ639གྲས་ཀྱི་དུད་ཁྱིམ139ཚགས་བཙུགས་བྱང་སྒྲིག་གི་དབུལ་ཁྱིམ་དུ་ངོས་འཛིན་བྱས།

“དབུལ་ཕོངས་ཀྱི་རྩ་བ”གང་ལ་ཐུག་ཡོད་དམ།

དཀོན་ལོ་ཚང་གོང་མ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ངོས་ཟིན་ཞིག་ཐོབ་པ་ནི། ས་གནས་ཐོན་ལས་ཀྱི་རྨང་གཞི་ཞན་པ་དང་། འབྲོག་དམངས་ཀྱི་འཚོ་བ་གནམ་ངོར་བལྟས་ནས་སྐྱེལ་བའི་བག་ཆགས་ཤིན་ཏུ་ཟབ་པ་དེ་རེད།

སྡེ་འགྲམ་གྱི་རི་ལྡེབས་ངོས་སུ། བོད་ལུགས་ཤིང་ཁང་དམར་པོ་རེ་རེ་ནི་རྩྭ་ཐང་དུ་གཏོར་བའི་མུ་ཏིག་བཞིན་ཀྱག་ཀྱོག་གི་གདུང་འདེགས་འཕྲང་ལམ་ཞིག་གིས་སྦྲེལ་འདུག

“འདི་ནི་སྡེ་བས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་ཆེད་ལས་པའི་ཤིང་ཁང་ཡིན། ན་ནིང་ལེགས་འགྲུབ་བྱུང་རྗེས་ཚང་མ་ཕྱིར་གླས་པ་དང་། ལོ་རེར་སྒོར་ཁྲི5ཡི་ཁེ་སྤོགས་བགོ་རྒྱུ་ཡོད།”སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་མཛུབ་མོ་ནང་དུ་བཀུག་ནས་གསར་འགོད་པར་ཁེ་སྤོགས་བགོས་པའི་རྩིས་ཤིག་བརྒྱབ།

“ན་ནིང་ལྟ་བུར་མཚོན་ན། ཨར་ལས་རྒྱུ་ཆ་ཚོང་ར་དང་། བོད་ཁྱིམ་སྐྱེ་ཁམས་གླིང་དང་། ཅང་ཧའེ་གཏེར་ལས། བོད་ལུགས་ཤིང་ཁང་ཆུང་བ། མ་མོ་ཉོ་བ་དང་ཐུན་མོང་རྩྭ་ས་ཕྱིར་གླ་བ་བཅས་ལ་མ་དངུལ་གཏོང་བའི་བྱེད་ཐབས་སྤྱད་པ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི36ལས་བརྒལ། ང་ཚོས་སྒོར་མོ་འདི་དག་བཀོལ་ནས་སྡེ་དམངས་ཀྱི་ཆེད་དུ་རྒན་གསོ་ཉེན་བཅོལ་དང་། སྡོད་ཁང་ཉེན་བཅོལ། འགོས་ནད་ཉེན་བཅོལ་སྤྲད།”

2014ལོའི་ལོ་མཇུག་ལ། ཁྱིམ་གསར་དུ་གནས་སྤར་བའི་མངར་སྐྱུར་འདྲེས་མའི་ཚོར་བ་དེ་བསོད་ནམས་ཚེ་རིང་གིས་ད་དུང་ཡང་བརྗེད་མེད།

“ཁྱིམ་གསར་ཁོད་ཡངས་ཤིང་ཉམས་དགའ་བས། ཧ་ཅང་དགའ་སྤྲོ་སྐྱེས། སྲིད་གཞུང་གིས་སྒོར་ཁྲི4.7གྱིས་ཁ་གསབ་བྱས་པ་དང་། ང་ཚོས་སྒོར་ཁྲི1.5ཙམ་སྤྲད་པས་ཆོག”འོན་ཀྱང་སྒོར་ཁྲི1.5པོ་ཡང་ཁོས་ཡར་སྐྱི་མར་སྐྱི་མི་བྱེད་ཀ་མེད་བྱུང་། 2015ལོའི་ལོ་མཇུག་ལ། ཁོའི་བཟའ་མི་གང་པོ་ཚགས་བཙུགས་བྱང་སྒྲིག་གིི་དབུལ་ཕོངས་ཁྱིམ་ཚང་ལ་ངོས་འཛིན་བྱས།

“སྡེ་བས་ཐོན་ལས་དབུལ་སྐྱོར་མ་དངུལ་སྤྱད་དེ་ང་ཚོར་ལུག་ཉོས་པ་དང་། རྗེས་སུ་འབོར་ཉུང་དངུལ་བུན་སྒོར་ཁྲི5ཡང་བསྐྱིས།”ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས། ཁོ་ཚང་གི་གསོ་སྤེལ་གྱི་གཞི་རྒྱ་རིམ་གྱིས་ཇེ་ཆེར་སོང་། ན་ནིང་ལོ་ཁོ་ནར། སྒོ་ཟོག་གསོ་སྤེལ་དང་རྩྭ་སའི་བྱ་དགའི་ཁ་གསབ་མ་དངུལ་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་ཡོང་འབབ་སོགས་སྒོར་ཁྲི10ལས་བརྒལ་བ་དང་། ཁྱིམ་ཚང་གི་མི་རེའི་ཆ་སྙོམས་་ཡོང་འབབ་དེ2015ལོའི་སྒོར2100ནས་སྒོར་ཁྲི2.1ལ་འཕར།

“སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་སྐྱོར་དམངས་ཕན་སྲིད་ཇུས་དངོས་འབེབས་བྱས་པ་ལས་གཞན། ལོ་འདི་འགར། ང་ཚོས་ཚ་ལ་དང་། ཕྱེ་ཟས། སྒོ་ཟོག་གསོ་སྤེལ། རྐོ་འདྲུའི་འཕྲུལ་འཁོར་བཅས་ཀྱི་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་ཏེ། ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང་རང་སྟེང་གི་བྱང་ཚད་དང་ཆེད་ལས་ཀྱི་ནུས་པ་ཇེ་མཐོར་བཏང་བ་དང་། ཁོ་ཚོའི་བསམ་བློ་བསྒྱུར་ཏེ་རྒྱུད་ལ་འབྱོར་བའི་ལག་རྩལ་གྱིས་ལས་སྐྲུན་དང་ཡོང་འབབ་ཇེ་མང་དུ་གཏོང་བར་སྐུལ་མ་བཏང་། ན་ནིང་ལོ་ཁོ་ནར། ངལ་རྩོལ་པ18ཀྱིས་རང་གི་ལག་རྩལ་ལ་བརྟེན་ནས་ཆ་སྙོམས་ཀྱིས་མི་རེས་ཡོང་འབབ་སྒོར5000འཚོལ་ཐུབ་པ་བྱུང་།”བསོད་ནམས་ཚེ་རིང་གིས་དགའ་སྤྲོའི་ངང་འགྱུར་ལྡོག་འདི་དག་གླེང་བྱུང་།

འགྱུར་བ་དང་། འཚོལ་ཞིབ། ལག་ལེན……དུས་ཡུན་ཐུང་ཐུང་ལོ་འགའི་ནང་། དཀོན་ལོ་ཚང་གོང་མ་སྡེ་བས་མི་རྣམས་ཧང་སངས་པའི་དབུལ་ཐར་འགག་སྒྲོལ་གྱི་རྒྱུགས་ལན་ཞིག་སྤྲད་པ་སྟེ། ཕྱུགས་རིགས་གསོ་སྤེལ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཁེ་སྤོགས་བགོ་བ། སྐྱེ་ཁམས་བྱ་དགའི་ཁ་གསབ།སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་ཞུགས་པ་བཅས་ཀྱི་བྱེད་སྟངས་སྤྱད་དེ། 2020ལོར་སྡེ་དམངས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར12313ལ་སླེབས་པ་དང་། ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང་གིི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར7678ལ་སླེབས།

སྐུལ་ཁྲིད།

དཀོན་ལོ་ཚང་གོང་མ་སྡེ་བའི་དབུལ་ཐར་འགག་སྒྲོལ་གྱི་འཐབ་རའི་སྟེང་། ཕྱུག་སྒྱུར་སྣེ་ཁྲིད་མཁན་གསོ་སྐྱོང་བྱས་པ་བརྒྱུད། སྔོན་ཆད་ཀྱི་དབུལ་ཕོངས་དུད་ཁྱིམ་ནི་མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་ལམ་འབྱེད་གདོང་མཆོང་པར་གྱུར།

དབུལ་ཕོངས་དུད་ཁྱིམ་ལ་ངོས་བཟུང་རྗེས། སངས་རྒྱས་འབུམ་གྱིས་བདེན་པ་བདེན་ཐུབ་ངང་སྲིད་གཞུང་གི་རོགས་སྐྱོར་ཚོར་བྱུང་།

“སྔ་གཞུག་ཐེངས་གཉིས་ལ་ལུག་བགོས་པ་དང་། ཐེངས་དང་པོར་ལུག23དང་། ཐེངས་གཉིས་པར་ལུག45བགོས། དེའི་རྗེས་ངས་སྒོར་ཁྲི5ཡི་དངུལ་བུན་བསྐྱིས་ཏེ་བལ་ཚོང་བརྒྱབ། 2017ལོར། དབུལ་ཁྱིམ་གྱི་མིང་ལས་ཐར་སོང་།”

དེ་བས་ཀྱང་དགའ་ཞིང་བློ་བདེ་རུ་འཇུག་པ་ཞིག་ནི། དབུལ་ཐར་ཕྱུག་སྒྱུར་གྱི་ལམ་བུའི་སྟེང་། ཏང་དང་སྲིད་གཞུང་གི་རོགས་སྐྱོར་ཐོབ་པའི་སངས་རྒྱས་འབུམ་གྱིས་མི་གཞན་ལ་རོགས་རམ་བྱེད་རྒྱུ་གཏན་ནས་བརྗེད་མ་མྱོང་།

རི་མགོར་གཞིས་སྡོད་བྱས་པའི་ཕག་མོ་ཚེ་བརྟན་གྱིས་ལོ་འགའི་སྔོན་ལ། སངས་རྒྱས་འབུམ་གྱི་རྗེས་དེད་དེ་ཚོང་གཉེར་མགོ་བརྩམས།

“དབྱར་ཁར་ཁོའི་རྗེས་དེད་དེ་བལ་བསྡུས་ན། ཟླ་རེར་སྒོར3000གི་ཟླ་ཕོགས་ཡོད། དགུན་ཁར་ཡང་བསྐྱར་རྫི་བོ་བྱས་པ་ཡིན། འདི་ལྟར་བྱས་ན། ལོ་རེར་ཉུང་མཐའ་ཡང་སྒོར15000ལྷག་མ་འཚོལ་ཐུབ།”

འབད་འཐབ།

སྲོད་ཀྱི་མཚམས་སྤྲིན་དང་འགྲོགས་ཏེ། གསར་འགོད་པ་རྡོ་རྗེ་ཚེ་རིང་གིས་རྫོང་མཁར་དུ་གཉེར་བའི་འབྲི་གཡག་གི་ཁུ་ལུའི་ཐོན་རྫས་རིག་གནས་ཉམས་ལེན་ཁང་དུ་སོང་།

ད་ལོར་ལོ39ལ་སོན་པའི་རྡོ་རྗེ་ཚེ་རིང2008ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས། ས་གཞན་ནས་ཡིག་སྒྱུར་གྱི་ལས་ཀ་ཞིག་བཙལ། སྟེས་དབང་གིས་ས་ཆ་གཞན་དུ་ནོར་གནག་གི་ཐོན་རྫས་མང་པོར་འཛད་སྤྱོད་པས་དགའ་བསུ་ཐོབ་བཞིན་པ་མཐོང་མོད། འོན་ཀྱང་རྒྱུ་ཆ་འདིའི་རིགས་ཁོའི་ཕ་ཡུལ་དུ་སྣང་མེད་དུ་བཞག་འདུག་པ་རྟོགས།

ཕ་ཡུལ་གྱི་ཐོན་ཁུངས་བེད་སྤྱོད་ཐུབ་བམ།

ཁ་བཤད་དོན་དུ་གནས་པའི་རྡོ་རྗེ་ཚེ་རིང་གིས2014ལོར།ལས་ཁུར་དགོངས་ཞུ་བྱས་ཏེ་ཕ་ཡུལ་དུ་ལས་སྐྲུན་བྱེད་པར་ཡོང་། གོ་རིམ་དེའི་ཁྲོད་འབྲོག་དམངས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་བར་མ་ཟད། སྡེ་དམངས་བཅུ་ཁ་ཞིག་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་བསྩལ། ལོ་མང་པོའི་འཕེལ་རྒྱས་བརྒྱུད། ཁོའི་ལས་སྐྲུན་གྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་སུ་སོང་བ་དང་། 2020ལོར། ཁེ་ལས་ཀྱི་ཡོང་འབབ་རྐྱང་བ་སྒོར་ཁྲི100ལྷག་ལ་སླེབས།

དབུལ་ཐར་འགག་སྒྲོལ་ནི་རྩོལ་བ་བྱེད་མི་དགོས་པར་ལོངས་ཐོབ་པ་ཞིག་མ་ཡིན་པར། འབད་པ་ལྷོད་མེད་བྱེད་དགོས།

དེ་རིང་། དཀོན་ལོ་ཚང་གོང་མ་སྡེ་བའི་སྲང་ལམ་བརྒྱུད་དུས། འཛུམ་མདངས་རེ་རེར་ལྟ་བ་དང་། གཏམ་རྒྱུད་རེ་རེར་ཉན་དུས། ང་ཚོའི་བློ་ངོར་འཁོར་ཡོང་བ་ནི། དབུལ་ཐར་འགག་སྒྲོལ་ལག་ལེན་གྱི་བསྡུས་རིས་ཤིག་ཡིན་ལ། དུས་རབས་ཤིག་གི་གསོན་ཉམས་ལྡན་པའི་དྲས་རིས་ཤིག་ཀྱང་ཅི་ལ་མིན་ཨང་སྙམ་ཡོང་བ་དེ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།