བྱེ་འགོག་བྱེ་བཅོས་ཀྱི་སྣེ་ཁྲིད་མཁན་ཝུན་ཁྲང་ཚེ་རིང་།

“ཏང་གི་མགོ་ཁྲིད་མེད་ན་དེ་རིང་གི་བྱེ་བཅོས་གྲུབ་འབྲས་ཡོད་མི་སྲིད།” རླུང་དང་བྱེ་མར་འཐབ་རྩོད་བྱས་པའི་ལོ་ཟླར་ཕྱིར་དྲན་བྱས་ཚེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཞང་ས་གྲུ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཝུན་ཁྲང་ཚེ་རིང་གི་ཡིད་ཀྱི་འགྱུ་བ་རབ་ཏུ་འཁྲུག་བཞིན་ངག་ལས་དེ་ལྟར་ཐལ།

སྔོན་ཆད་ཀྱི་ས་གྲུ་བཞི་ལ་གནས་དེའི་མང་ཚོགས་ཀྱིས“རླུང་གི་ཕ་ས”ཟེར་ལ། གུང་ཧོ་རྫོང་གི་བྱེ་རླུང་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན། གནས་འདིར་སྔོན་ཆད་བྱེ་མ་མུ་ནས་མུར་འབྲེལ་ཡོད་ལ། ལོ་གཅིག་ལ་རིམ་པ6ཡན་གྱི་རླུང་ཆེན་ཉིན50ལྷག་གི་རིང་ལ་གཡུགས་པ་རེད། ས་གྲུ་བཞི་ན་གཏེར་ཁ་མེད་ལ་རིན་པོ་ཆེ་དེ་བས་ཀྱང་མེད་པར། ཡོད་པ་གཅིག་པུ་ནི་མཐའ་མི་མངོན་པའི་བྱེ་ཐང་ཡིན། ས་གྲུ་བཞིར་གནས་དེའི་མང་ཚོགས་ཀྱིས“རླུང་ཁུག”“བྱེ་ཁུག”“སྤྲང་ཁུག”ཅེས་འབོད་ཅིང་། བྱེ་མ་ཐོན་ན་མི་འགྲོ་དགོས་པ་དང་ལོ་འགའི་རིང་ལ་ཐེངས་རེར་གནས་སྤོར་དགོས། ཐན་པ་ཆེ་ལ་རླུང་མང་བའི་ནམ་ཟླས་ཐང་རྒོད་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་བའི་ཁར། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་དང་བྱེ་སྲུང་རྩི་ཤིང་བག་མེད་དུ་བཅད་པ་ལས་སྔོ་ཁེབས་ཇེ་ཞན་དུ་གྱུར་པ་རེད།

“ག་དུས་བྱེ་རླུང་གི་གནོད་འཚེ་འགོག་ཐུབ་བམ། བྱེ་ཐང་ལྗང་བསྒྱུར་བྱེད་ཐུབ་བམ།” ཟླ7པའི་ཚེས2ཉིན། ལོ་ན69ལ་སོན་པའི་ཝུན་ཁྲང་ཚེ་རིང་གིས་གསར་འགོད་པར་བྱེ་བཅོས་བྱས་པའི་སྐོར་གླེང་སྐབས་མིག་ཀོང་ལ་མཆི་མ་འཁྱིལ་བྱུང་། ཁོས་བཤད་རྒྱུར།མི་ཚེ་འདིར་མིག་ཆུ་བཞུར་བ་ཤིན་ཏུ་ཉུང་། ཡིན་ཡང་། བྱེ་ཐང་སྤང་ལྗོངས་སུ་གྱུར་པ་མཐོང་སྐབས་མིག་ཆུ་དབང་མེད་དུ་བཞུར་བྱུང་། རྒྱུ་མཚན་ནི་ལོ་མང་པོ་ཞིག་གི་དཀའ་སྡུག་དངོས་སྒྲུབ་ལ་གཞི་ནས་ཕན་འབྲས་མངོན་བྱུང་བས་ཡིན། ཁོའི་མདུན་ཕྱོགས་སུ་དུས་ནམ་ཡང་དར་ཆ་ཞིག་རླུང་གིས་སྐྱོད་བཞིན་ཡོད་ལ། ལོ་བཅུ་ཕྲག་འགའི་རིང་ལ་དེ་ནི་དད་མོས་ཀྱི་དར་ཆ་ཡིན་ལ་དེ་ལས་ཀྱང་སྙིང་སྟོབས་ཀྱི་དར་ཆ་ཡིན།

སྡེ་བ་ནི་ཁོད་མི་སྙོམས་པའི་རི་ཁུལ་ཞིག་ཏུ་ཆགས་ཡོད་ལ། ཐོན་སྐྱེད་གཞི་ཁྱོན་རྒྱ་བསྐྱེད་བསམ་ན་ཐོག་མར་ས་ཞིང་སྙོམས་དགོས། ཝུན་ཁྲང་ཚེ་རིང་གིས་སྡེ་དམངས་དང་ལྷན་དུ་ས་ཞིང་བསྙམས་པ་དང་། ཤུགས་ཆེན་པོ་བཏོན་པའི་རྐྱེན་གྱིས་ཁོའི་ལག་པ་གཉིས་ལ་རྒྱུན་པར་རྨས་ཕོག་ནས་ཁྲག་བཞུར་གྱིན་ཡོད། འཇོན་ཐང་ལྡན་པའི་ན་གཞོན་འདི་ལ་རིང་པོ་མ་འགོར་བར་གོང་རིམ་གྱིས་ཁས་ལེན་ཐོབ། 1973ལོར། ཝུན་ཁྲང་ཚེ་རིང་གུང་གཞོན་ཚོགས་པར་ཞུགས། “དམ་བཅའ་འཇོག་སྐབས། ངའི་སེམས་སུ་དྲན་པ་ནི་ངེས་པར་དུ་མགྱོགས་མྱུར་ངང་ཏང་རྩ་འཛུགས་ནང་ཞུགས་རྒྱུ་དེ་ཡིན།”

1974ལོར། ས་གྲུ་བཞི་ཞང་གིས་སྡོང་འཛུགས་ནགས་སྐྲུན་བྱེ་བཅོས་ལྗང་བསྒྱུར་ལས་གཞིར་སྐུལ་འདེད་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གིས་མངགས་པའི་བྱེ་བཅོས་ཆེད་མཁས་པ་ཀྲའོ་ཧུང་པིན་ས་གྲུ་བཞིར་སླེབས་ནས་ལག་རྩལ་མཛུབ་སྟོན་བྱས། ཝུན་ཁྲང་ཚེ་རིང་གིས་ཆེད་མཁས་པའི་རྗེས་དེད་ནས་སྡོང་འཛུགས་ནགས་སྐྲུན་དང་བྱེ་འགོག་བྱེ་བཅོས་ལ་སློབ་སྦྱོང་བྱས། དེ་ནས་བཟུང་ཁོའི་མི་ཚེ་དང་བྱེ་བཅོས་ནགས་སྐྲུན་ལྷན་གཅིག་ཏུ་དམ་པོར་སྦྲེལ།

ས་གྲུ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་པའི་སྐབས་སུ། ཝུན་ཁྲང་ཚེ་རིང་གིས་ཚང་མར་རང་གི་ཉམས་མྱོང་སློབ་ཁྲིད་བྱས། “ལྕང་སྡོང་འཛུགས་སྐབས་སྡོང་རྩད་ཀྱི་ཆེ་ཆུང་གཞིར་བཟུང་ནས་ཟབ་ཚད་འོས་འཚམ་ཡིན་པའི་ས་དོང་བརྐོ་དགོས་ལ། ཀུ་ཤུའི་སྡོང་པོ་འཛུགས་སྐབས་མཐུན་སྦྱོར་ལག་རྩལ་ཤེས་དགོས།”ཀྲའོ་ཧུང་པིན་ལ་བསྟེན་ནས་སྦྱངས་པའི་སྡོང་འཛུགས་ཉམས་མྱོང་འདི་དག་ཁོས་སྦ་གསང་མེད་པར་སྡེ་དམངས་ཚོར་ཁྲིད་པ་དང་། སྡོང་འཛུགས་ནགས་སྐྲུན་དང་བྱེ་འགོག་བྱེ་བཅོས་ཀྱི་ཐད་ནས། ཝུན་ཁྲང་ཚེ་རིང་ཞང་ཡོངས་ཀྱི་བྱེ་བཅོས་རུ་གཙོ་དང་བྱེ་བཅོས་མཁས་པར་གྱུར།

ཉིན་རེར་སྡོང་པོ་མ་བཙུགས་པའི་སྔོན་ལ། ཝུན་ཁྲང་ཚེ་རིང་གིས་དར་དམར་བྱེ་མགོར་བཙུགས་ནས་ཀུན་གྱི་སྡོང་འཛུགས་ནགས་སྐྲུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་། 1984ལོར། ཝུན་ཁྲང་ཚེ་རིང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པས་ཁོས་གཞི་ནས་རེ་ཞིང་སྒུག་པའི་ཉིན་དེ་སླེབས་བྱུང་།

ཏང་ཡོན་རེ་རེ་ནི་དར་ཆ་རེ་ཡིན། སྡོང་ཕྲུག་འཛུགས་པ་དང་ནགས་སྲུང་བ། ཆུ་རྐ་བརྐོ་བ་སོགས་གང་ལ་ཡང་ཝུན་ཁྲང་ཚེ་རིང་རྒྱུན་པར་སྔོན་ལ་མཆོངས། ཁོའི་སྣེ་ཁྲིད་འོག ས་གྲུ་བཞིས་བསྐྲུན་པ་དང་འགོག་པ། དོ་དམ་བཅས་གཞི་གཅིག་ཏུ་འབྲེལ་བའི་ཐབས་ལམ་སྤྱད་དེ། རིམ་བཞིན་སྡོང་རྐང་བཙུགས་ནས་ནགས་སྐྲུན་པ་ནས་སྡོང་མྱུག་བཙུགས་ནས་ནགས་སྐྲུན་པར་བསྒྱུར་བ་དང་། ཆུ་མ་བཏང་བའི་ཆ་རྐྱེན་འོག་ལྗང་མདོག་གི་ཐད་འདེབས་ནགས་ཚལ་དང་ས་ཞིང་འགོག་སྲུང་ནགས་ཚལ། བུད་ཤིང་ནགས་ཚལ་རེ་རེ་བསྐྲུན་པས། སྔོན་གྱི་ཐང་སྐྱ་དང་བྱེ་ཐང་ལ་རིམ་བཞིན་ཚོན་མདངས་ལྡན་པར་གྱུར། ཝུན་ཁྲང་ཚེ་རིང་གིས་བཤད་རྒྱུར་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་བྱེ་བཅོས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པས། ང་ཚོ་བྱེ་བཅོས་མཁན་ཚོའི་ངར་ཤུགས་ལྡབ་འགྱུར་གྱིས་ཇེ་ཆེར་སོང་།

སྡོང་ཕྲུག་འཛུགས་མཁན་ལ་ལས་ཚེགས་ལྕི། བྱེ་ཀླུང་བརྒལ་ནས་སོང་ན་མི་ཚོའི་ཕྱི་རྟིང་སྐྲང་ནས་ས་ཆེན་ལ་སེར་ག་གས་པ་དང་འདྲ་ལ། གོམ་པ་སྤོས་ན་རྐང་མཐིལ་ལ་སྙིང་གས་པ་ལྟ་བུའི་ན་ཟུག་དྲག་པོ་སྐྱེས་ཡོང་།

ཝུན་ཁྲང་ཚེ་རིང་གི་ཡིད་ལ་ད་དུང་ཡང་གསལ་པོར་དྲན་རྒྱུ་ཡོད་དེ། སྡེ་བ་གོང་མར་སྡོང་ཕྲུག་འཛུགས་པའི་སྐབས་དེར། ཉིན་རྒྱུན་སྡོད་གནས་ནི་ཐབས་ཆག་གི་རས་གུར་ཡིན་ལ།མཚན་མོར་སློག་པ་གྱོན་ནས་གྲང་ངར་འགོག་ཐབས་བྱས། དེ་ལྟ་བུའི་འཚོ་བ་ཧ་ཅང་སྐྱོ་པོའི་ཁྲོད་དུའང་ཁོ་ཚོ་འདུག་ཐེངས་གཅིག་ལ་ཟླ་འགའ་རེར་འདུག་དགོས་པ་རེད། ཡིན་ཡང་ཁོ་ཚོ་སྔར་བཞིན་ཉིན་རྒྱུན་བྱེ་ཐང་ནས་ཕར་འགྲོ་ཚུར་འོང་བྱས་ནས་སླེ་བོའི་ནང་བྱེ་མ་ཁུར་ཏེ་ཕྱིར་སྐྱེལ་བ་དང་། ཨུ་ཚུགས་ཀྱིས་སྡེ་བ་གོང་མའི་ཐང་རྒོད་ལ་མཛོ་ཤིང་སྡོང་ཕྲུག་སྤྱི་ཆིང67བཙུགས་པས། སྡེ་བ་གོང་མ་བྱེ་རླུང་གིས་གཡོགས་པའི་རྣམ་པ་རིམ་བཞིན་མེད་པར་གྱུར།

ད་ལྟ། ས་གྲུ་བཞིའི་སྒང་ནས་འགྲེང་སྟེ་མར་བལྟས་ན། སྡེ་བ་བྱེ་ཐང་གི་སྤང་ལྗོངས་སུ་གྱུར་ཡོད་ལ། ཝུན་ཁྲང་ཚེ་རིང་གི་མིག་ཀོང་ལས་མངོན་པ་ནི་མེ་ཏོག་དང་སྡོང་པོ་དེ་དག་ལ་བཅངས་པའི་བརྩེ་དུང་ཟབ་མོ་དེ་རེད། སྡེ་དམངས་རྣམས་ཀྱིས་ཀྱང་སྐྱེ་ཁམས་ཞིང་ལས་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་ལ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དང་སྒོ་ཁ་ནས་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱུང་ཡོད། སྐྱེ་ཁམས་མཛེས་ལ་སྡེ་དམངས་ཕྱུག་པོ་ཡིན་པའི་འཚོ་བ་རྙེད་པ་འདི་ས་གྲུ་བཞིར་མཚོན་ན་ལས་སླ་བོ་ཞིག་ག་ལ་ཡིན།

ལོ་འདི་འགའི་རིང་ལ། ཝུན་ཁྲང་ཚེ་རིང་རྒྱུན་པར་སྡེ་བ་སོ་སོར་སོང་ནས་བྱེ་བཅོས་ཉམས་མྱོང་སློབ་ཁྲིད་བྱས་པས་ཁོའི་རྐང་རྗེས་ས་གྲུ་བཞི་ཞང་གི་གྲུ་ཟུར་སོ་སོར་ཕབ་ཡོད། ཝུན་ཁྲང་ཚེ་རིང་གིས་བཤད་རྒྱུར། ཏང་ཡོན་གྱི་སེམས་ལ་རྟག་ཏུ་མང་ཚོགས་འཛིན་དགོས་ལ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ནས་དཀའ་ཁག་ལ་གདོང་གཏད་དགོས།

ཉེ་བའི་ལོ་འགའི་རིང་ལ། ས་གྲུ་བཞི་ཞང་གི་མང་ཚོགས་ཀྱིས་རང་སྟེང་ནས་སྒོར་མོ་བསྡུས་ནས་སྡོང་ཕྲུག་ཉོས་ནས་བཙུགས་པ་དང་། སྡེ་དམངས་ཚོར་ཁང་པའི་སྔུན་གཞུག་ལ་སྡོང་ཕྲུག་འཛུགས་པའི་གོམས་སྲོལ་ཆགས་ཡོད། སྡོང་འཛུགས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཝུན་ཁྲང་ཚེ་རིང་ཚང་ལ་གསོམ་སྡོང་དང་ལྕང་མ། ཡོ་འབོག སྲེའུ་སྡོང་། ལི་ཙི་སྡོང་པོ། སྨྱུག་སྡོང་སོགས་བཙུགས་ནས་སྔོ་ལྗང་གིས་གཡོགས། ཝུན་ཁྲང་ཚེ་རིང་ལ་ས་གྲུ་བཞི་ཞང་ཏང་ཨུས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་དཔང་ཡིག་གནང་ཡོད། ཝུན་ཁྲང་ཚེ་རིང་གིས་བཤད་རྒྱུར“ང་ཏང་ཡོན་ཡིན། དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་ངས་བྱེ་བཅོས་ཀྱི་ལམ་བུ་འདི་དེད་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།