རྨ་ཆུའི་གླེང་སྟེགས་ཟི་ལིང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གིས་མཛུབ་ཁྲིད་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་སྤྱི་པའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་ཁང་གིས་སྒྲུབ་འགན་ཁུར་ནས། “རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་བྱ་གཙོ་བོར་བྱས་པའི་རྨ་ཆུའི་གླེང་སྟེགས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་པིང་གིས་ཤིས་ཚིག་ཕུལ། 

ཀྲང་ལི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འབྱུང་རྩའི་འགན་འཁྲི་ལེགས་པོར་འཁུར་བ་དང་ཡན་ལག་ཆུ་བོའི་འགན་ནུས་ཆེ་རུ་བཏང་ནས། བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་མཁན་བཟང་བོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་བྱས་ནས་རྨ་ཆུ་འདི་ཉིད་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆུ་བོ་ཞིག་ཏུ་བསྒྱུར་རྒྱུ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་འགན་འཁྲི་རེད། བློ་གྲོས་ཚོགས་པ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྟ་ཚུལ་ཡང་དག་དང་ཐབས་ཇུས་ལེགས་པོ་འདོན་རྒྱུའི་རེ་བ་ཡོད། མཚོ་སྔོན་གྱིས་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་འབྲེལ་འདྲིས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་དགོས། 

ཀྲའོ་པིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུ་བྱེ་སྙོམས་སྒྲིག་གི་འགག་རྩ་དམ་འཛིན་བྱེད་པ། ཆུ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་གཏོང་བ་སོགས་ཀྱི་ཐད་གནད་སྨིན་ཇུས་འདོན་བྱེད་དགོས། “ཚན་ཧྲི+”གི་རྣམ་པ་སྤྱད་དེ་ཆབ་སྲིད་དང་ཐོན་སྐྱེད། སློབ་སྦྱོབ་དང་ཞིབ་འཇུག་བཅས་མཉམ་འགུལ་གྱི་ཐབས་ཇུས་དང་མཉམ་ལས་ཇུས་འདོན་བྱས་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།