མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་ཟི་ལིང་དུ་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་ཁྱབ་ཝང་ཐིང་ཁུ་གཉིས་མིང་བཀོད་མཛད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ལི་མིང་དང་། ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་ཀྱི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་གཞོན་པ་ཚའེ་ཀྲི་ཝེ་གཉིས་ཀྱིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་གྲོས་མཐུན་ལ་མིང་རྟགས་བཀོད། 

མིང་རྟགས་མ་བཀོད་སྔོན་ལ། ཞིན་ཁྲང་ཞིང་གིས་ཝང་ཐིང་ཁུ་འཁོར་དང་བཅས་པར་མཇལ་འཛོམས་བྱས་ཤིང་། ཁོང་གིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཐིང་ཁུ་འཁོར་དང་བཅས་པ་གདན་ཞུ་ལྟར་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཞིན་ཁྲང་ཞིང་གིས་གསུང་དོན། ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་ནི“ཀྲུང་གོ་གསར་པའི་ཉེན་སྲུང་ལས་རིགས་ཀྱི་གཙོ་རྐང”ཡིན་ཞིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་ལ་རོགས་འདེགས་བྱེད་པ། ལྗང་མདོག་དངུལ་ལོར་གསར་གཏོད་བྱེད་པ། དངོས་གཞི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ། བདེ་འཇགས་ཀྲུང་གོར་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནས་འབུར་དུ་ཐོན་པའི་བྱས་རྗེས་བཞག 2011ལོའི་ཟླ5པར། ཀྲུང་གོའི་མི་དམངས་ཉེན་སྲུང་སྡེ་ཚོགས་དང་རང་ཞིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་པ་ནས་བཟུང་ལས་ཀ་མང་པོ་བསྒྲུབས་ཏེ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐའ་འཁྱོངས་བྱེད་བཞིན་ཡོད་པ་དང་། “གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་སྒང་ཡིན་ལ། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་སློབ་སྦྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ཐེངས་འདིའི་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བཟུང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། ཉེན་སྲུང་དངུལ་ལོར་ཞབས་ཞུ་གསར་གཏོད་བྱེད་པ། ཉེན་སྲུང་གི“དཔལ་འབྱོར་རོགས་སྐུལ་འཕྲུལ་ཆས”དང“སྤྱི་ཚོགས་བརྟན་ལྷིང་འཕྲུལ་ཆས”ཀྱི་ནུས་པ་འདོན་སྤེལ་ལྷུར་བླངས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་རེ་བ་ཡོད་ཅེས་གསུངས། 

གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏང་རྒྱུ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ལ་དམིགས་ནས་འབྲེལ་ཡོད་ལས་སྒོའི་མཉམ་ལས་སྤེལ་བ། མཚོ་སྔོན་དུ་དངུལ་ལོར་རྒྱ་ཁྱབ་གཏོང་བ་དང་ཆུང་འབྲིང་ཕྲ་གསུམ་གྱི་ཁེ་ལས་སོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དངོས་འབེབས་ལག་བསྟར་བྱེད་པར་རོགས་རམ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།