མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་གི་རྒྱང་བསྟེན་གྲོས་མོལ་བཞུགས་མོལ་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་གི་རྒྱང་བསྟེན་གྲོས་མོལ་དང་ཟླ་གཉིས་རེའི་གྲོས་མོལ་བཞུགས་མོལ་གྲོས་ཚོགས་འཚོགས་ནས། “རང་ཞིང་གི་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི”སྐོར་ལ་གྲོས་མོལ་ཐབས་འདོན་ཇུས་འགོད་བྱས། གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་། མཚོ་ཤར་དང་རྨ་ལྷོ་སོགས་གྲོང་ཁྱེར་དང་ཁུལ་ལྔ་དང་རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་ཞིང་།  ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཏུའུ་ཏི་ཀྲི་གྲོས་ཚོགས་སུ་ཞུགས་ཡོད། 

ཏུའུ་ཏི་ཀྲི་ཡིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཨུ་ཡོན9ཡིས་བརྙན་ལམ་སྦྲེལ་མཐུད་སྒོས་གཏམ་བཤད་དང་དྲི་བ་བཏོན་པ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་གནད་དོན་དེར་ནན་ཏན་གྱིས་བསྐྱོན་པ་དང་འབྲེལ། ཨུ་ཡོན་དང་ཡང་དང་ཡང་དུ་བསམ་བློ་བརྗེ་རེས་བྱས། རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དང་རྫོང་ཁག་སྐོར་གཅིག་གི་ཏང་སྲིད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རིམ་གསུམ་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་དང་སྲིད་གྲོས་ཨུ་ཡོན། ཆེད་མཁས་པ་དང་ཤེས་ཡོན་པའི་འཐུས་མི་སོགས་མི200ལྷག་གྲོས་ཚོགས་སུ་ཞུགས་པ་དང་། མི100ལྷག་གིས་དྲ་ཐོག་ནས་དྲ་རྒྱའི་ཐད་གཏོང་ལ་བལྟས།

རྡོ་རྗེ་རབ་བརྟན་གྱིས་ཐེངས་འདིའི་གྲོས་མོལ་བཞུགས་མོལ་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། དུས་འགོའི་རྟོག་ཞིབ་གཏིང་ཟབ་དང་ནན་ཏན་ཡིན་པ། གྲོས་མོལ་གྲོས་བསྡུར་གྱི་རྣམ་པ་འཁྲུག་པོ་ཡོད་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཕན་འབྲས་མངོན་གསལ་དོད་པོ་ལྡན། གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བརྟག་ཞིབ་གྲོས་མོལ་གྱི་གྲུབ་འབྲས་ལ་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཏེ། ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་ལས་ཞུགས་གཞན་སྒྱུར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། སྲིད་གྲོས་རྩ་འཛུགས་རིམ་པ་སོ་སོ་དང་སྲིད་གྲོས་ཨུ་ཡོན་གྱིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་གཞན་སྒྱུར་གྱི་བྱ་བར་རྒྱུན་མཐུད་དོ་སྣང་དང་། ཐབས་འདོན་ཇུས་འབུལ་གང་ཐུབ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་གོང་ལ་ཞུ་བ། དམངས་གཙོས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཧུར་ཐག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པར་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།