ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2021ལོའི་ཐེངས་གཉིས་པའི་ཀྲུང་དབྱང་ནོར་སྲིད་རྒུད་ཚབ་ལས་སྤྲོད་ལས་འགན་གྱི་མ་དངུལ་འཇོག་པའི་འཆར་གཞི་སྒོར་ཁྲི15840གཤམ་སྤྲོད་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། མ་དངུལ་དེ་དག་མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)29ཡིས་གྲོང་གསེབ་དང་འབྲོག་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་ཆས་ཆུང་འབྲིང་དང་། ཐོན་ལས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་ཆས། ནགས་ལས་རྩྭ་ཐང་གི་སྐྱེ་ཁམས་འཛུགས་སྐྱོང་སོགས་ཀྱི་བཟོ་སྐྲུན་རྣམ་གྲངས་རྩ་འཛུགས་ལག་བསྟར་བྱེད་པར་སྤྱོད་པ་དང་། སྔོན་རྩིས་བྱས་པར་དབུལ་ཐར་ཐུབ་པའི་མི1300དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་གཞན་པ1300ཁྱིམ་གྱི་སྒོ་འགྲམ་དུ་ལས་གཞི་འཛུགས་སྐྲུན་ནང་ཞུགས་ནས། ངལ་ནུས་འདོན་ཐུབ་པ་བྱས་ཏེ་རྒུད་ཚབ་ལས་སྤྲོད་སྲ་བརྟན་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཐུབ་པར་མུ་མཐུད་སྐུལ་འདེད་དང་། དབུལ་ཐར་འགག་སྒྲོལ་ས་ཁུལ་འཕེལ་རྒྱས་དང་ཁྱོན་ཡོངས་དར་སྤེལ་གཏོང་བའི་ཁྱད་ལྡན་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།
ཐེངས་རྗེས་མར་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས“མ་དངུལ་རྣམ་གྲངས་ཀྱི་རྗེས་སུ་འབྲངས་ནས། རྣམ་གྲངས་ཀྱིས་ལས་ཞུགས་ཀྱི་སྣེ་ཁྲིད”ཅེས་པའི་རྩ་དོན་ལ་ནན་གྱིས་གཞིགས་ནས། འབྲེལ་ཡོད་ས་ཁུལ་གྱིས་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་འཆར་འགོད་དང་། སྡེབ་སྒྲིག་བྱེད་པ་དང་རྒུད་ཚབ་ལས་སྤྲོད་ཀྱི་རྣམ་གྲངས་ཇུས་འགོད་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག བཟོ་སྐྲུན་ལག་བསྟར་དང་མ་དངུལ་བེད་སྤྱོད། ལས་གཉེར་རྩ་འཛུགས། ངལ་ལས་གླ་ཆ་གཏོང་སྤྲོད། ཚོད་ལྟའི་ཉམས་མྱོང་བསྐྱར་བཟོ་དང་ཁྱབ་གདལ་སོགས་ཀྱི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་སྲོལ་རྒྱུན་གྱི་རྒུད་སྐྱོབ་བྱེད་སྟངས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་དུས་མཚུངས། རྒུད་ཚབ་ལས་སྤྲོད་ཀྱི་རྣམ་གྲངས་ལ་བརྟེན་ནས་བྱ་བའི་གསོ་སྦྱོང་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་རྒུད་སྐྱོབ་དཔེ་དབྱིབས་མང་པོ་རྒྱ་སྐྱེད་པ། བྱ་བར་ཞུགས་ཁྱོན་སྔར་ལས་ཆེ་རུ་གཏོང་བ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་རྒུད་ཚབ་ལས་སྤྲོད་ཁྲོད་ཀྱི“རྒུད་སྐྱོབ”ནུས་པ་སྔར་བས་འདོན་སྤེལ་བྱེད་པར། མང་ཚོགས་ཀྱི་རྨང་གཞི་དང་ལག་ལེན་གྱི་རྨང་གཞི་འདིང་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒུད་ཚབ་ལས་སྤྲོད་ཀྱི་མ་དངུལ་སྒོར་ཁྲི15840གཤམ་སྤྲོད་བྱས།