“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་དབང་བཅོལ་བྱེད་ཚད4693ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། འཚོགས་པའི2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དཔྱད་ཞིབ་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་སྟེང་ངོ་སྤྲོད་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་རེ་ཞུ་བྱེད་ཚད7227ལ་སླེབས་པ་དང་དབང་བཅོལ་བྱེད་ཚད4693ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་གཏའ་མར་འཇོག་པའི་མ་དངུལ་སྒོར་དུང་ཕྱུར13.63ལ་སླེབས་ཡོད། ཞིང་ཆེན་ལག་རྩལ་ཉོ་ཚོང་ཁྲོམ་རའི་སྟེང་ཐོ་འགོད་བྱས་པའི་ཆེད་ཁེའི་ལག་རྩལ་ཉོ་ཚོང་བྱེད་པའི་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར2.75ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་འགན་ནུས་སྡེ་ཁག་སོ་སོས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་དམིགས་ནས། ཧུར་ཐག་གིས་རིགས་སོ་སོའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་རྩ་འཛུགས་ཡོད་པའི་སྒོ་ནས། དབང་ཆར་བཙན་གནོད་དང་རྫུས་མའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་བཅད་པ་མ་ཟད། ཤེས་བྱའི་བདག་དབང་གི་ཁེ་དབང་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ནན་ཏན་གྱིས་སྲུང་སྐྱོང་བྱས་པས་ཤེས་བྱའི་བདག་དབང་སྲུང་སྐྱོང་ཆེན་མོའི་ཐོག་མའི་རྣམ་པ་ཆགས།

འདི་ལ་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས། བསམ་བློའི་ངོས་འཛིན་གཅིག་གྱུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས། ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ས་ཁོངས་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ལས་དོན་དེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱ་བའི་ཆེད་སྤྱོད་གྲོན་དངུལ་དང་མི་སྣ་ཇེ་མང་དུ་གཏོང་བ་དང་། ལས་སྒོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཆར་གཞི་ཡོད་པ་དང་རིམ་པ་དབྱེ་བའི་སྒོ་ནས་ཁྲིམས་བསྟར་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་། གཞན་ཡང་འགག་རྩའི་ཁྱབ་ཁོངས་དང་ལྷུ་ཚིགས་གལ་ཆེན། གཙོ་གནད་ཚོགས་སྤྱི་བཅས་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་ཆེད་དོན་རྡུང་རྡེག་འགུལ་སྐྱོད་སྤེལ་ཏེ་དབང་ཆར་བཙན་གནོད་ཀྱི་ཕོག་ཐུག་རྫུས་མའི་ཉེས་སྤྱོད་དམ་བསྒྲགས་དང་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།