མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཆེད་དམིགས་བརྟག་བཤེར་ཐོག་མ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན། གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྩ་འཛུགས་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་བྱ་གཟིགས་མཐུན་ཚོགས་ཀྱིས་མཉམ་དུ་རུ་ཁག་རྩ་འཛུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཆེད་དམིགས་བརྟག་བཤེར་ཐོག་མ་སྤེལ་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ལོ་གཅིག་ནང་ལེགས་འགྲུབ་བྱ་རྒྱུ་རེད། 

ཁྲུང་ཁྲུང་སྐེ་ནག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་པོ་ཡིན་ལ། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་མིང་མཛོད་དམར་པོའི་སྟོངས་ཉེན་ཆེ་བའི་སྲོག་ཆགས་ཡིན། དེ་ནི་ས་བབ་མཐོ་ཚད་སྨི2500ནས་སྨི5000བར་གྱི་མཐོ་སྒང་གི་བརླན་ས་དང་མཚེའུ། ཆུ་རྒྱུན་འགྲམ་རྒྱུད་དུ་འཚོ་སྡོད་བྱེད་པ་དང་། ཀྲུང་གོའི་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་བྱང་རྒྱུད་སོགས་ས་ཁུལ་དུ་རྒྱུད་སྤེལ་བ་དང་། ཧིན་རྡུའི་ཤར་བྱང་རྒྱུད་དང་ཀྲུང་གོའི་བོད་ལྗོངས་ནུབ་རྒྱུད། ཀོས་ཀྲོའུ། ཡུན་ནན་སོགས་ས་ཁུལ་དུ་དགུན་སྒྲོལ་བ་ཡིན། མཚོ་སྔོན་ཡང་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་སྤེལ་ཁུལ་གཙོ་བོའི་གྲས་ཤིག་ཡིན། 

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཕིང་གིས་མཚམས་སྦྱོར་བྱེད་རྒྱུར། ཁྲུང་ཁྲུང་སྐེ་ནག་གི་འགུལ་སྐྱོད་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བས། ལོ་རེའི་དཔྱིད་དུས་སུ་མཚོ་བོད་མཐོ་སྒང་དུ་རྒྱུད་སྤེལ་བ་དང་ཕྲུ་གུ་གཉོར་བ་ཡིན་ལ། སྟོན་དུས་སུ་ལེ་དབར་ཁྲི་ཕྲག་བརྒལ་ནས་ས་ཁུལ་གཞན་དུ་དགུན་སྒྲོལ་བར་འཕུར་བ་ཡིན་པས། དུས་ཡུན་མང་ཆེ་བར་ཁྲུང་ཁྲུང་སྐེ་ནག་གི་ཆ་འཕྲིན་ཆ་ཚང་བར་ཟིན་བྲིས་སུ་འགོད་ཐུབ་ཀྱིན་མེད། དེར་བརྟེན། མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོང་དང་ཞིབ་བཤེར་ཚད་ལེན་བྱ་བ་ནི་གཙོ་བོ་ཞིང་ཆེན་ནང་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་པ་དང་། ཁ་གཏད་རང་བཞིན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དམིགས་ཀྱིས་བརྟག་བཤེར་བྱས་མེད་ཟེར།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་དང་ཞིབ་བཤེར་ཚད་ལེན་ལས་གཞི་ཡིས་གཙོ་བོ་ད་ཡོད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ཚུལ་གྱི་ཟིན་བཀོད་ས་ཁོངས་ལ་བརྟག་བཤེར་བྱེད་རྒྱུ་རེད། མཇུག་མཐར་ལས་གཞི་འདིས་ཆ་ཚང་ཞིང་མ་ལག་དང་ལྡན་པའི་སྒོ་ནས་མཚོ་སྔོན་ནང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུའི་ཁ་གྲངས་དང་ཁྱབ་ཚལ་གནས་བབ་སོགས་ལ་ཤེས་རྟོགས་བྱས་ཏེ། ཁྲུང་ཁྲུང་སྐེ་ནག་གི་ནུས་ལྡན་སྲུང་སྐྱོང་ལ་ཚན་རིག་གི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།