རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་སྐུལ་སྡེ་ཁག་གིས་རང་ཞིང་གི་གཏེར་ཁའི་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན། གསར་འགོད་པས་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་སྐུལ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱིའི་ལྟ་སྐུལ་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། 2021ལོའི་རྒྱལ་ཁར་རང་བྱུང་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་འདུ་བའི་ཞིང་ཆེན(ཁུལ)9ཡི་གཏེར་ཁའི་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གཏེར་ཁའི་ཐོན་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐེངས་འདིའི་གཏེར་ཁའི་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་བྱ་བས་གཙོ་བོ་ཕྱོགས་བཞི་དང་དམ་དུ་འབྲེལ་ནས་ཞིབ་བཤེར་སྤེལ་རྒྱུ་ཡིན་ཏེ། གཅིག་ནི་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏེར་ཁའི་ཐོན་ཁུངས་ཀྱི་མཛུབ་སྟོན་མཆན་བཀོད་དགོངས་དོན་ལག་ཐེན་དོན་འཁྱོལ་བྱས་པའི་གནས་ཚུལ་ཡིན། གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དོན་འཁྱོལ་དང་གཅིག་གྱུར་མཐུན་སྦྱོར་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཏེར་ཁའི་ཐོན་ཁུངས་བེད་སྤྱོད་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་གྱི་མགྱོགས་མྱུར་སྒོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་གཏོར་བརླག་རང་བཞིན་གྱི་སྔོག་འདོན་དོན་རྐྱེན་ལེགས་བཅོས་བྱ་བའི་གནས་ཚུལ་སོགས་འདུ། གཉིས་ནི་གཏེར་ལས་ཞིབ་བཤེར་ཆོག་མཆན་ཐོ་འགོད་དང་ཁྱོན་ཡོངས་ནས་འགྲན་རྩོད་རང་བཞིན་གྱི་ཕྱིར་བཙོང་གནས་ཚུལ་ཡིན། གཙོ་བོ2020ལོའི་ཟླ5བའི་ཚེས1ཚུན་ལ་རང་བྱུང་ཐོན་ཁུངས་པུའུ(མཚོ་སྔོན་ཞིང་ཆེན་མངའ་ཁོངས་ནང)དང་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གཏེར་ལས་ཞིབ་བཤེར་ཆོག་མཆན་ཐོ་འགོད་གནས་ཚུལ་དང་། ཁྱོན་ཡོངས་ནས་འགྲན་རྩོད་རང་བཞིན་གྱི་ཕྱིར་བཙོང་གནས་ཚུལ། གཏེར་ལས་དབང་ཆའི་ཕྱིར་བཙོང་ཁེ་ཕན། གཏེར་ལས་དབང་ཆའི་བེད་སྤྱོད་གྲོན་བསྡུ་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བཅས་ཡིན། གསུམ་ནི་མཚོ་སྔོན་ཞིང་ཆེན་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱ་བའི་གནས་ཚུལ་ཡིན། གཙོ་གནད་སྒོས2020ལོའི་ཟླ5བའི་ཚེས1ཚུན་ལ་ས་གནས་སྲིད་གཞུང་གིས་སྐྱེ་ཁམས་སླར་གསོ་དང་ས་གཤིས་གནོད་འཚེ་ལེགས་བཅོས། རྡོ་སོལ་མེ་གསོད། ས་གཤིས་བཅོས་བསྒྱུར་དང་ས་གཤིས་ལེགས་བཅོས་སོགས་ལེགས་བཅོས་ཀྱི་མིང་གིས་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱེད་པ། དེ་མིན་དཔང་མེད་སྔོག་འདོན་དང་། ཕྱིའི་གཏེར་རི་སྔོག་འདོན། ཁྲིམས་འགལ་ངང་རྨོ་ཞིང་ཧམ་བཟུང་དང་ཞིང་སའི་གཏེར་ཁ་སྔོག་འདོན་ནམ་འབྲེལ་ཡོད་གཏེར་འདོན་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྲིམས་འགལ་བྱ་སྤྱོད་རྩད་གཅོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད། བཞི་ནི་མཚོ་སྔོན་ཞིང་ཆེན་གྱི་གཏེར་རིའི་སྐྱེ་ཁམས་སླར་གསོ་བྱ་བ་ལེགས་འགྲུབ་གནས་ཚུལ་ཡིན། གཙོ་བོ་ས་གནས་སྲིད་གཞུང་གིས་མ་དངུལ་བསྡུ་སྒྲིག་བྱས་ཏེ་གཏེར་རིའི་སྐྱེ་ཁམས་སླར་གསོའི་ལས་གཞི་ཐད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།

རྒྱལ་ཁར་རང་བྱུང་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་ཞི་ཨན་ཅུའུ་ཡི་ཆེད་བསྐོས་ཞིབ་བཤེར་པ་གཞོན་པ་ཐང་ཀྲིན་ཀའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་ལ་ཐེངས་འདིའི་གཏེར་ཁའི་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་ཕུད། ད་དུང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་ཞིབ་བཤེར་དང་། ཞིང་སྡེའི་རྨོ་ཞིང་ཧམ་བཟུང་འཛུགས་སྐྲུན་ཆེད་སྤྱོད་ལེགས་བཅོས་དང་། ཁྲིམས་འགལ་གཞིས་ཁང་འཛུགས་སྐྲུན་གནད་དོན་ལེགས་བཅོས་རྗེས་མཐུད་བྱ་བ་དང་། “སྤྱིལ་ཁང་ཆེན་པོའི”སླར་བྱུང་གནད་དོན་འགོག་སྲུང་། རྒྱལ་ཁོངས་བར་སྟོང་འཆར་འགོད་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།