ལིའུ་ཐོ་ཡིས་ཡུས་ཧྲུའུ་ཡི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་སྔ་གཞུག་ཏུ་རོང་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོ་བྱམས་སྐུ་སྡེ་བ། དཔལ་ཐང་གོང་མ་སྡེ་བ་བཅས་ལ་སོང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བཟོ་སྐྲུན་དང་ས་ཞིང་ཉིན་རྒྱུན་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་གནས་ཚུལ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།

ལིའུ་ཐོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ། རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། བྱེ་ཐང་། འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྐྱེ་ཁམས་མ་ལག་གཙོ་བོའི་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། ས་ནག་ཐང་བཅོས་སྐྱོང་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་ཚོད་འགོག་སོགས་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་རང་ཉིད་ཉམས་གསོ་ནུས་པ་མཐོར་འདེགས་གཏོང་བ། སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་བོ་དང་ཡུན་མཐུད་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ཁུལ་དང་རྫོང་། ཡུལ་ཚོ་རིམ་པ་སོ་སོའི་སྲིད་གཞུང་གིས་ས་ཞིང་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཡར་ཞུ་བྱས་པའི་ཁུངས་སྣེ་ལ་ཁ་གཏད་དེ། རེ་རེ་བཞིན་ཡུལ་དངོས་བརྟག་བཤེར་བྱེད་པ། ཕན་ཡོད་བྱེད་ཐབས་ལག་བསྟར་སྤྱོད་པ། དག་ཐེར་ལེགས་བཅོས་དམ་འཛིན་གཏིང་ཟབ་བྱེད་དགོས། རྒྱལ་ཁབ་སྲིད་ཇུས་ཀྱི་བླང་བྱ་ལྟར། ལམ་ལུགས་ཀྱི་ལག་བསྟར་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་བ། ཆེས་གཟབ་ནན་གྱི་རྨོ་ས་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ། ས་ཞིང་བེད་སྤྱོད་དང་ས་ཞིང་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ། ས་ཞིང་གི་ནུས་པ་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་བཏང་ནས། ས་ཞིང་གི་གྲངས་ཚད་དང་སྤུས་ཚད། སྐྱེ་ཁམས་བཅས་གནས་གསུམ་གཞི་གཅིག་གི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།