སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བརྙན་རིས་ཀྱི་ལམ་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བརྙན་རིས་ཀྱི་ལམ་ནས་འཚོགས་ཤིང་། ཚོགས་ཐོག་ནས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་དུས་སྐབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་མིན་ཧོས་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་ཚོགས་རར་ཞུགས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚོགས་རར་མགོ་འཛིན་བྱས་པར་གཏམ་བཤད།

ཝང་མིན་ཧོས་ཀྱིས་བསྟན་དོན། ཞིང་ཆེན་དང་པུའུ་གཉིས་ཀྱིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱས་པའི་ཚུན་ལ། མཉམ་སྐྲུན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་དང་ཞིང་སྡེ་སྐོར་ཁག་བགོ་བ་དང་། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་ནས། གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་ཀྱི་ཉམས་མྱོང་དང་སྒྲུབ་སྟངས། དེ་མིན་ཞིང་སྡེའི་སྡོད་ཁང་གི་ཉེན་ཁར་ཞིབ་བཤེར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་ལྷག་པར་དུ་རྨ་སྟོད་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་ཟུང་འབྲེལ་བྱས་ཏེ། ཏན་ཏིག་སྒོས་ཞིང་སྡེའི་སྡོད་ཁང་གི་སྤུས་ཚད་དང་བདེ་འཇགས་མཐོར་འདེགས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ཁང་རྙིང་མྱུར་དུ་སྒྱུར་བཀོད་བྱས་ནས། གྲོང་ཁྱེར་གྱི་སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། གསར་སྐྲུན་གྱིས་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་མཐུན་སྦྱོར་གྱིས་དོ་མཉམ་ལ་སྐུལ་འདེད་གཏོང་བ། ལྗང་མདོག་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ། སྒོ་འབྱེད་ཀྱིས་བར་སྟོང་རྒྱ་བསྐྱེད་པ། མཉམ་སྤྱོད་ཀྱིས་འདྲ་མཉམ་ལ་རོགས་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཉམ་སྐྲུན་བྱ་བའི་ཁ་ཕྱོགས་ཡང་དག་པ་དང་དམིགས་འབེན་གཏན་འཁེལ་གསལ་བོ་བྱེད་པ། ཐབས་ལམ་གསལ་བོ་ཡིན་པར་འགན་སྲུང་བྱེད་དགོས། མཉམ་སྐྲུན་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། འབྲེལ་འདྲིས་འབྲེལ་མཐུད་བཟང་བོ་བྱེད་པ། ནང་སྐྱེ་གསོན་ཤུགས་ཇེ་ཆེར་གཏོང་བ། རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ། མཉམ་ལས་བརྗེ་རེས་ཞིབ་འཇུག་ལ་ཤུགས་སྣོན་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཚོགས་ཐོག་ནས་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧོང་ཡན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གཉིས་ཀྱིས་མཉམ་སྐྲུན་བྱ་བ་སྒྲུབ་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།