ཟླ6པར་སླེབས་ཙ་ན། མཛེས་སྡུག་ལྡན་པའི་སོག་པོའི་རྩྭ་ཐང་གི་ཁ་དོག་རིམ་གྱིས་འགྱུར་ཏེ་སྔོ་མདོག་གི་གོས་ལྗང་བཀླུབས་ཤིང་། ཡངས་པའི་རྩྭ་ཐང་དུ། དྭངས་གཙང་དྲི་མ་མེད་པའི་ཆུ་ཀླུང་དལ་གྱིས་འབབ་ཅིང་། སྐར་ཚོགས་བཞིན་བཀྲ་བའི་ནོར་ལུག་གིས་བག་ཡངས་སུ་རྩྭ་ཆུར་རོལ། སྨན་བླ་སྐྱབས་ཁོད་སྙོམས་པའི་མཐོ་ཡེ་མ་རི་འདབས་ཀྱི་རང་ཁྱིམ་གྱི་སྒོ་ཁར་ལངས་ནས་ཡུལ་ལྗོངས་ཉམས་དགའ་བ་འདིར་ལྟ་ཞོར། བློ་བདེ་བག་ཕེབས་སུ་གནས་ཡོད།
“ལོ་འདི་འགར་སྔོན་ཆད་དང་བསྡུར་ན་ལས་ཚེགས་ཡང་མོད།འོན་ཀྱང་ཡོང་འབབ་སྔོན་ཆད་ལས་མང་ཞིང་། རྩྭ་སའི་སྐྱེ་ཁམས་ཀྱང་སྔོན་ཆད་ལས་བཟང་བ་རེད།”ལོ11གི་སྔོན་ལ། སྲིད་གཞུང་ལས་ཁུངས་ཀྱིས་ཁྲིད་སྟོན་བྱས་པ་བརྒྱུད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་གྲོང་རྡལ་མཛོ་མོ་སྡེ་བའི་སྡེ་དམངས་ཀྱིས་མཉམ་ལས་ཁང་རྩ་འཛུགས་བྱས་ཙ་ན། ཁུངས་མེད་འཆལ་གཏམ་གང་སར་ཁྱབ། “འདི་ཡང་བསྐྱར་ཐོན་སྐྱེད་རུ་ཁག་བསྒྲུབས་པ་མིན་ནམ།”“མི་རབས་སྔོན་མས་བཞག་པའི་སྒོ་ཟོག་དང་རྩྭ་ས་སྡེ་བར་སྤྲོད་ཟེར་བ་འདི་དགོད་གཏམ་མ་རེད་དམ།”
སྤྱོད་ཚུལ་བབ་ཆགས་ཤིང་ཟོལ་མེད་པའི་སྨན་བླ་སྐྱབས་ནི་མིག་རྒྱང་རིང་བའི་འབྲོག་པ་ཞིག་རེད། ཚང་མས་དེའི་ཐད་ཁ་ཡ་ཙམ་ཡང་མི་བྱེད་པའི་སྐབས་དེར། དྲན་ཕོད་པ་དང་སྒྲུབ་ཕོད་པའི་སྡེ་དམངས་གཅིག་གཉིས་ཀྱིས་ནོར་ཁྱུ་དེད་དེ། རང་ཁྱིམ་གྱི་རྩྭ་ས་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ཐོན་པ་དང་། ཕྱི་བཤོལ་མེད་པའི་སྒོ་ནས་མཉམ་ལས་ཁང་གི“རྐང་བདག”སྐོར་དང་པོར་གྱུར་ལ། སྨན་བླ་སྐྱབས་ནི་དེའི་གྲས་ཀྱི་གཅིག་རེད། མཉམ་ལས་ཁང་དུ་མ་རྐང་འཇོག་ཆེད། ཁོས་རང་ཁྱིམ་གྱི་ནོར་ཁྱུ་ལས་ཆེས་ཤ་ཤེད་རྒྱས་པའི་འབྲི་གཡག10བདམས།
འགལ་རྐྱེན་མང་པོ་བརྒྱུད་རྗེས། མཉམ་ལས་ཁང་རྒྱལ་ཁའི་ངང་བཙུགས་མོད། མ་རྐང་དུ་ཞུགས་པའི་དུད་ཁྱིམ་ཉུང་བ་དང་། གྲོགས་མེད་ཤུགས་ཞན་ཡིན་པ། བདག་གཉེར་བྱེད་མི་མཁས་པ་བཅས་ཀྱི་དབང་གིས། ལོ་སྔོན་མ་བཞི་པོར་ཁེ་སྤོགས་སྐར་གང་ཡང་བགོ་རྒྱུ་མ་བྱུང་། ཡ་ང་བའི་དོན་དངོས་ལ་གདོང་གཏད་དེ། “རྐང་བདག”ཕལ་ཆེར་རེ་ཐག་ཆད་པར་གྱུར།
“ཅི་བཤད་རུང་ལས་འདིའི་མཐའ་སྐྱོང་དགོས་པ་དང་། ཕྱི་བཤོལ་གཏན་ནས་བྱེད་མི་རུང་བ་ནི། དེ་དུས་ཀྱི་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དུ་གྱུར།”སྨན་བླ་སྐྱབས་ཀྱིས་བཤད་རྒྱུར།“གཅིག་ཡིན་ན། རྩྭ་སའི་སྐྱེ་ཁམས་སླར་གསོ་དང་དབུལ་ཐར་ཕྱུག་བསྒྱུར་བྱེད་ཆེད་ཡིན་པ་དང་། གཉིས་ཡིན་ན། གཞན་ལ་འཕྱ་སྨོད་བྱེད་དུ་མི་འཇུག་པའི་ཆེད་ཡིན། ”དཀའ་ཁག་ལ་གདོང་གཏད་དེ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚོགས་མིས་མང་གྲོས་བློ་བསྡུ་བྱས་ཏེ། རྫོང་ཞིང་ཕྱུགས་ཅུས་དང་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་རྗེས། ཀུང་ཧྲེ5ལ་རེ་རེ་བཞིན་སྐུལ་སློང་བྱས་མཐར་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱིས་གྲོས་ཁ་གཅིག་ཏུ་བཞག་སྟེ། 2016ལོའི་ཟླ8པར་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཀོད་ལེགས་འགྲུབ་བྱུང་བ་དང་། སྡེ་དམངས་ཀྱིས་ངལ་རྩོལ་དང་། ནོར་གནག རྩྭ་ས། ལག་དངུལ་བཅས་མ་རྐང་དུ་བཞག་པས། སྡེ་དམངས་ཀྱི་སུམ་ཆའི་གཅིག་མ་རྐང་ནང་ཞུགས་པ་མངོན་འགྱུར་བྱས་པ་དང་། ལོ་དེར་མཉམ་ལས་ཁང་གིས་སྒོར་ཁྲི50ཡི་ཁེ་སྤོགས་བགོ་ཐུབ་པ་བྱུང་།
མཉམ་ལས་ཁང་བཙུགས་པའི་ལོ་ནས་ད་ལྟའི་བར་ལོ་ངོ10འགོར། དང་ཐོག་གི“རྐང་བདག”དུད་ཁྱིམ་གཅིག་གཉིས་ཙམ་ནས། 2015ལོར“རྐང་བདག”དུད་ཁྱིམ70ལ་སླེབས་པ་དང་། དེ་ནས2020ལོར་དུད་ཁྱིམ139ལ་སླེབས། དུས་མགོའི་འཕེལ་རྒྱས་ཀྱི་དུས་རིམ་ནང་ཁེ་སྤོགས་མེད་པ་ནས། 2019ལོར་ཁེ་སྤོགས་སྒོར་ཁྲི204ལ་སླེབས་པ་དང་། དེ་ནས2020ལོར་ཁེ་སྤོགས་སྒོར་ཁྲི929མངོན་འགྱུར་བྱས་པ་འདི་དག་ཡོད་ཚད་སྨན་བླ་སྐྱབས་དང་དེར་བརྟེན་ནས་ཁེ་བཟང་རེག་མཁན་གྱི“རྐང་བདག”རྣམས་ལ་མཚོན་ན། དངོས་གནས་སྤོབས་པ་སྐྱེ་འོས་ལ་མངར་སྐྱུར་འདྲེས་མའི་ཚོར་བ་སྟེར་བ་ཞིག་ཀྱང་རེད།
ཁེ་འབབ་ཐོབ་རྗེས། ཚོགས་མིས་རྒྱབ་སྐྱོར་བྱས་པ་བརྒྱུད། མཉམ་ལས་ཁང་གིས་སྔ་གཞུག་ཏུ་མཉམ་ལས་ཁང་གི་ཕྱུགས་ར་དང་། གཟན་རྩྭ་འཇོག་ས་དང་། འཁོར་ཁང་བཅས་རྒྱ་བསྐྱེད་པ་དང་། ཕྱུགས་ཐོན་དངོས་རྫས་ལས་སྣོན་འཕྲུལ་ཆས་ཉོས་པར་མ་ཟད། ཞིང་ཆེན་དང་ཁུལ།དེ་མིན་ཞིང་ཆེན་ཕྱི་ཡི་ནོར་གནག་སྣེ་ཁྲིད་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ། ཚོང་རའི་འབྲེལ་ལམ་རྒྱ་བསྐྱེད། ལོ་འགའི་ནང་། མཉམ་ལས་ཁང་གིས་བདེན་པ་བདེན་ཐུབ་ཀྱིས་ལེགས་བསྡུས་ཞིབ་གཉེར་ཅན་དང་། ཚོང་ར་ཅན་མངོན་འགྱུར་བྱས། 2020ལོར། མཛོ་མོ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་སྒོ་ཟོག1342བཙོངས་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན།
ད་ལོའི་ཟླ1པའི་ཚེས26ཉིན། སྔོན་ཆད་ཁུ་སིམ་པོར་གནས་པའི་མཛོ་མོ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དེ་ནམ་རྒྱུན་དང་མི་འདྲ་བར་འདུ་ལོང་ཆེ། མ་གཞི་མཛོ་མོ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གི2020ལོའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་དེ་རུ་སྡུད་ཀྱིན་འདུག “ཐོན་ལེགས་བྱུང”བའི་རྐང་བདག་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། མི་གཉིས་རེ་གསུམ་རེ་འདུས་ཏེ་ཕན་ཚུན་ལ་དགོད་ཁ་སློང་བཞིན་འདུག་ལ། དགའ་སྤྲོའི་དགོད་སྒྲ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གྱང་རའི་ཕྱི་རུ་མཆེད་ཡོང་། ཉིན་དེར། སྨན་བླ་སྐྱབས་ཀྱིས་མཛོ་མོ་སྡེ་བའི་ཧྲེ་ལྔ་པ་ཡི་ཚབ་བྱས་ཏེ་ཁེ་སྤོགས་བགོ་བའི་ཚོགས་ཆེན་དུ་ཞུགས། ཕྱིར་ལོག་པའི་རླངས་འཁོར་ནང་དུ། ཁེ་སྤོགས་ཀྱི་གྲངས་ཀ་བྲིས་པའི་བྱང་བུ་དམར་པོ་དེ་རིན་པོ་ཆེ་ཐོབ་པ་བཞིན་སེམས་ཆུང་ངང་རུམ་དུ་བཅུག
སྨན་བླ་སྐྱབས་ཚང་གི་གཙང་ཞིང་གྲ་དག་ལ་ཁམས་དྭངས་ཤིང་ཡིད་སྤྲོ་རུ་འཇུག་པའི་འགྲུལ་ཁང་དུ་སོང་བ་ན། ཁེ་སྤོགས་བགོ་བའི་ཚོགས་ཆེན་སྟེང་ཁྱེར་ཡོང་བའི་བྱང་བུ་དམར་པོ་དེ་པར་སྒྲོམ་ནང་བཞག་སྟེ། སྒོའི་ཁ་གཏད་ཀྱི་གྱང་ངོས་སུ་བཀལ་འདུག་ལ། དེའི་སྟེང་དུ“2019ལོར་མཛོ་མོ་སྡེ་བའི་སྐྱེ་ལྡན་རྩྭ་སའི་ལོ་མཇུག་ལ་ཁེ་སྤོགས་སྒོར1811160བགོས་པ་ཡིན”ཞེས་བྲིས་ཤིང་། གམ་ན་ད་དུང་བྱང་བུ་གཉིས་ཡོད་པ་རེད། གཅིག་གི་སྟེང་དུ“2019ལོར་མཛོ་མོ་སྡེ་བའི་སྐྱེ་ལྡན་རྩྭ་སའི་ལོ་མཇུག་ལ་ཁེ་སྤོགས་སྒོར325680བགོས་པ་ཡིན”དང་། ཅིག་ཤོས་ཀྱི་སྟེང་དུ“2019ལོར་མཛོ་མོ་སྡེ་བའི་སྐྱེ་ལྡན་རྩྭ་སའི་གླ་ཡོན་སྒོར187799ཡིན”ཞེས་བྲིས་འདུག
“ལོ་འདི་འདྲའི་མང་པོ་ཞིག་འགོར་ནའང་། མཉམ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཉེར་བའི་ང་ཚོའི་བགྲོད་ལམ་འདི་སུས་བལྟས་ཀྱང་འཆུག་མེད་པ་ཤེས་ཐུབ།”སྨན་བླ་སྐྱབས་ཀྱིས་སྤོབས་པའི་ངང་དེ་ལྟར་བཤད།མཉམ་ལས་ཁང་དུ་ཞུགས་པའི་ཚུན་ལ། 2020ལོ་ནི་ཁེ་སྤོགས་བགོས་པ་ཆེས་མང་བའི་ལོ་ཞིག་རེད། ཐེངས་དེའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་སྐབས་སུ། ཁོ་ལ་སྒོར144000ཐོབ་པ་དེ་སྔོན་ལོ་ལས་ལྡབ6གིས་ཇེ་མང་དུ་སོང་།
སྨན་བླ་སྐྱབས་ཚང་གི་ཁོད་ཡངས་པའི་འགྲུལ་ཁང་དུ། མཐིལ་ཤིང་བཏིང་བའི་ཐང་དང་། ལྡེབས་ཤོག་སྦྱར་བའི་གྱང་ངོས། དྭངས་གསལ་གྱི་སྒེའུ་ཁུང་དང་། བོད་ལུགས་ཁྱིམ་ཆས་དང་ཅོག་ཙེ་སྟེང་གི་སྒྲིག་ཆས་རེ་རེ་ནི་དེ་ལྟར་ཁོ་དང་ཁྱིམ་མི་ཚོས་གོ་རིམ་དང་ལྡན་པར་རྡུལ་གྱིས་མ་གོས་པ་བྱས་འདུག 2017ལོར། སྨན་བླ་སྐྱབས་ཀྱིས་ཉེན་ཁང་བསྒྱུར་བཀོད་ལས་གཞིའི་སྟེང་དུ་རང་ཁྱིམ་གྱི་བསགས་དངུལ་བསྣན་ཏེ་ཁང་པ་སླར་གསོ་བྱས་སྟབས། སྔར་ལས་བག་ཕེབས་ཤིང་དྲོ་སྐྱིད་ལྡན་པ་ཞིག་རེད།
མཉམ་ལས་ཁང་དུ་བཞག་པའི་སྒོ་ཟོག་ལས་གཞན། སྨན་བླ་སྐྱབས་ཀྱིས་ད་དུང་རང་ཁྱིམ་གྱི་རྩྭ་སའི་སྟེང་དུ་གནག་ཕྱུགས70ལྷག་འཚོས་ཡོད་པ་དང་། ལོ་རེར་སྐོར་ཞིག་བཙོང་བའི་ཁར། བུ་དཔལ་ཆེན་ཚེ་རིང་གིས་རྫོང་མཁར་གྱི་རླངས་འཁོར་ཞིག་གསོ་ཁང་དུ་ལས་གཉེར་བྱས་པའི་ཟླ་ཕོགས་བསྣན་ན། ཡོང་འབབ་མི་ཉུང་བ་ཞིག་ཡོད་པ་དང་། 2020ལོར་མཚོན་ནས་བཤད་ན། མཉམ་ལས་ཁང་གི་ཁེ་སྤོགས་ཁར་བསྣན་ཚེ། བཟའ་མི་གང་པོར་ཡོང་འབབ་སྒོར་ཁྲི20ལྷག་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
“མཛོ་མོ་སྡེ་བ”ནས་རྩྭ་ཐང་གི་འཕོ་འགྱུར་ལ་བལྟ་བ།