བརྩོན་པའི་ལས་ལ་འབྲས་བུའི་ཁུར་གྱིས་གཏམས།

——དྷི་མདའ་ཞང་པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཀརྨ་ཆོས་ཀྱི་གནས་ཚུལ་བཀོད་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྷི་མདའ་ཞང་པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཀརྨ་ཆོས་ནི་མི་ཚེ་གང་པོར་རང་ནུས་ཡོད་ཚད་མང་ཚོགས་ལ་བསྟིམས་པའི་མི་བུ་རླབས་ཆེན་ཞིག་རེད།

ཕྱིར་དྲན་ཁྲོད་མི་ལོ30ནི་མིག་རྡེབ་དབང་ཙམ་གྱི་དུས་ཡུན་ཞིག་ཏུ་སྣང་མོད། མི་ལོ30རིང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་མང་ཚོགས་ཀྱི་དོན་དུ་ཤ་འབད་རུས་འབད་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།

ཀརྨ་ཆོས་ཀྱིས1994ལོ་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་པ་ནས་ད་ལྟའི་བར་དུ་འཚོ་བར་དཀའ་ཁག་ཆེ་བའི་པན་ཆེན་སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མི་ལོ་དུ་མའི་རིང་འབད་བརྩོན་བྱས་པས།ད་ལྟ་སྡེ་བ་དེ་མགོ་ལོག་རྩྭ་ཐང་སྟེང་གི་ཕྱུག་བསྒྱུར་སྡེ་བ་དང་དཔལ་ཡོན་ལྡན་པའི་སྡེ་བ་ཞིག་ཏུ་གྱུར་ཡོད།

ལོ་ངོ30སྔོན་གྱི་པན་ཆེན་སྡེ་བ་ནི་ཐག་ཉེ་རིང་ཀུན་ལ་གསལ་ཆ་ཡོད་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ཞིང་།གྲོང་ཁྱེར་དང་བར་ཐག་རིང་བའི་ས་རུ་གཞིས་ཆགས་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་ལ།ཆ་འཕྲིན་བཀག་སྡོམ་ཡིན་པ།དེ་མིན་འབྲོག་པ་མང་ཚོགས་ཀྱིས་ཉི་མ་ཤར་དུས་ཕྱུགས་ཟོག་རི་ལ་དེད་ནས་ཕྱུགས་འཚོ་བ་དང་།ཉི་མ་ནུབ་ལ་ཉེ་དུས་ཕྱུགས་ཟོག་ལྷས་རར་བསྐོར་བའི་འཚོ་བ་སྟབས་བདེར་གོམས་ཡོད།

སྐབས་དེར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་མ་ཐག་པའི་ཀརྨ་ཆོས་ཀྱི་སེམས་སུ་རང་བྱུང་རྩྭ་ས་ཉུང་ངུ་དེ་ཙམ་ལ་བརྟེན་ནས་ཕྱུགས་འཚོ་བ་དང་ས་ཞིང་ཉུང་ཙམ་ལ་བརྟེན་ནས་ཞིང་ལས་གཉེར་ན་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་གསལ་པོར་ཤེས།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་འདིར་གསར་འགོད་པས་ཁོ་ལ་བཅར་འདྲི་བྱེད་དུས།སྡེ་བ་ཡོངས་ཕྱུག་པོར་གྱུར་པའི་གནས་ཚུལ་གླེང་སྐབས་ཁོའི་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་པར་གཞིགས་ན།ཀརྨ་ཆོས་ཀྱི་ཐོག་མའི་གདམ་ག་དེ་འཁྲུལ་མེད་ཅིག་ཡིན་པ་གདོན་མི་ཟ། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་བསམས་ན་ངེས་པར་དུ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་དགོས་ཞེས་པའི་གནས་ལུགས་དེར་ངོས་འཛིན་ཟབ་མོ་བྱུང་བ་རེད།

ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ཁུར་རྗེས་བློ་ཐག་རྦད་ཆོད་ཀྱིས་དབུལ་ཕོངས་ལས་ཐར་དུ་འཇུག་དགོས་པའི་དམ་བཅའ་ཡིད་ལ་བཅངས་པ་དང་།གནས་དེ་རུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁོ་བོར་མཚོན་ན་པན་ཆེན་སྡེ་བའི་དོན་དངོས་གནས་ཚུལ་ལ་ཆ་རྒྱུས་གསལ་པོ་ཡོད།པན་ཆེན་སྡེ་བ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་འཛམ་ཐང་རྫོང་དང་ཐག་ཉེ་བས།ཁོས་སྔོན་ཆད་ནས་བཟུང་སྡེ་བའི་མི་རྣམས་སྐྱེལ་འདྲེན་ལས་རིགས་གཉེར་བར་དགའ་བོ་ཡོད་པ་ཤེས།དོན་དེར་དམིགས་ནས་ཀརྨ་ཆོས་ཀྱིས་མང་ཚོགས་རྩ་འཛུགས་བྱས་ཏེ་སྔར་ཡོད་ཀྱི་སྐྱེལ་འདྲེན་རུ་ཁག་གི་རྨང་གཞིའི་ཐོག་རོང་འབྲོག་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཐོན་སྐྱེད་མཉམ་ལས་ཁང་བཙུགས་ནས་སྐྱེལ་འདྲེན་རུ་ཁག་གི་གཞི་ཁྱོན་རྒྱ་བསྐྱེད་པས།ཐོན་ལས་ཚད་ལྡན་ཅན་གྱི་གཉེར་སྐྱོང་གི་ལམ་དུ་རིམ་བཞིན་བསྐྱོད་པ་དང་།སྡེ་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཡུན་རིང་ཁེ་ཕན་དང་མཐུན་པའི་བགྲོད་ལམ་ཞིག་ཆགས་པར་མ་ཟད།སྡེ་བ་ཡོངས་ཀྱི་རོང་འབྲོག་མང་ཚོགས་རྣམས་རྩོལ་པོ་ཕྱིར་གཏོང་དང་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་བུར་ཡང་བསྐྱོད་ཐུབ་པ་བྱུང་།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།སྡེ་བའི་ཏང་ཀྲི་པུའུ་གཙོ་བྱས་པའི་མགོ་ཁྲིད་ཚན་ཆུང་རང་འགུལ་ངང་ཕྱིར་སོང་ནས།ས་གནས་གཞན་གྱི་ཕྱུག་བསྒྱུར་ཉམས་མྱོང་སློབ་སྦྱོང་དང་མ་དཔེར་བཟུང་ནས།པན་ཆེན་སྡེ་བ་རུ་ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་ནས་ནགས་ལས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་དང་།རྩོལ་པོ་ཕྱིར་གཏོང་བྱས་ནས་ཁེ་བཟང་ཐོབ་པར་བརྩོན་ལེན་བྱས།

2018ལོར་སྡེ་བ་ཡོངས་ཀྱི་ངལ་རྩོལ་ཡོང་འབབ་སྒོར་ཁྲི38.68སླེབས་པ་དང་། དུས་མཚུངས་སུ་ལོ་དེར་ནགས་ལས་དཔལ་འབྱོར་འཕེལ་རྒྱས་བཏང་ནས།སྡེ་བ་ཡོངས་སུ་ཇ་སྡོང་འདེབས་འཛུགས་དང་ཇ་ལོ་ཕྱིར་འཚོང་བྱས་པའི་ཡོང་འབབ་སྒོར་ཁྲི52ལྷག་དང་། ནས་བཏབ་པའི་ཡོང་སྒོ་སྒོར་ཁྲི་ལྷག་བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར780ལྷག་གིས་ཇེ་མང་དུ་སོང་ཡོད། ཁོས་གོང་རིམ་ལ་མཐུན་སྦྱོར་བྱས་ཏེ་མ་དངུལ་སྒོར་ཁྲི700ལྷག་བརྩོན་ལེན་བྱས་ནས་པན་ཆེན་གནའ་གྲོང་ཡུལ་སྲོལ་གླིང་གཉེར་བ་དང་།ཧྲང་ཧའེ་ཡི་རོགས་སྐྲུན་ལས་གཞི་བརྩོན་ལེན་བྱས་ཏེ་བོད་ཁྱིམ་གསོལ་ཚིགས16འཛུགས་གཉེར་བྱས་པ་བཅས་ཀྱིས་མང་ཚོགས་རང་ཉིད་ཀྱིས་ཚོང་ལས་གཉེར་བའི་ལམ་ཁ་རྒྱ་བསྐྱེད་དེ་ཡོང་སྒོ་ཇེ་མང་དུ་བཏང་།2019ལོ་ནས་བཟུང་།ཀརྨ་ཆོས་ཀྱིས་སྡེ་བ་ཡོངས་ཀྱི་འབྲོག་པ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞིང་སྡེ་དར་རྒྱས་ཡོང་བར་འཆར་འགོད་བྱེད་མགོ་བརྩམས་ཤིང་།སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་ཇེ་མཐོར་བཏང་བ་རེད།

ད་ལོའི་ཟླ་དང་པོ་ནས་བཟུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་རྐང་ནས་བུད་ཡོད་ནའང་། ཀརྨ་ཆོས་ཀྱིས་རྫོང་དང་ཞང་རིམ་པའི་བཀོད་སྒྲིག་འོག དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཏོང་བར་སྔར་བཞིན་འབད་པ་བྱེད་ཀྱིན་ཡོད།ཁོའི་སྣེ་ཁྲིད་འོག2014ལོར་པན་ཆེན་སྡེ་བར་ཀྲུང་གོའི་ལོ་རྒྱུས་རིག་གནས་སྡེ་བའི་མཚན་སྙན་ཐོབ་པ་དང་།2018ལོར་ཀྲུང་གོའི་ཆེས་མཛེས་པའི་ཞིང་སྡེ་ཡི་མཚན་སྙན་ཐོབ།

དེ་མིན་ཀརྨ་ཆོས་ཁོ་རང་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་དང་།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་ཐད་ཀྱི་སྔོན་ཐོན་མི་སྒེར།མགོ་ལོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་ཐད་ཀྱི་སྔོན་ཐོན་མི་སྒེར།པདྨ་རྫོང་གི་ངལ་རྩོལ་དཔེ་ལེགས་ཅན།མགོ་ལོག་ཁུལ་སྲིད་གཞུང་གི་ངལ་རྩོལ་དཔེ་ལེགས་མི་སྣ།མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།