རྒྱལ་ཡོངས་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་སྐུལ་སྤེལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། རྒྱལ་ཡོངས་རྩྭ་ཐང་སྲུང་སྐྱོང་སླར་གསོའི་སྐུལ་འདེད་ལས་དོན་གྲོས་ཚོགས་ཟི་ལིང་དུ་འཚོགས་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཤིས་ཚིག་ཕུལ་བ་དང་། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ལིའུ་ཏུང་ཧྲིན་གྱིས་གཏམ་བཤད་གནང་།

ལིའུ་ཐའོ་ཡིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ཕྱུགས་བསྐྱུར་རྩྭ་གསོ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྱོང་། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་སོགས་ཀྱི་ལས་གཞི་གལ་ཆེན་ལ་ནན་གྱིས་སྐུལ་འདེད། ཕྱུགས་བཀག་རྩྭ་ཕྱུགས་དོ་སྙོམས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་ཀྱི་ནུས་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་པར་གཙོ་བོར་བྱས་པས། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོས་བེད་སྤྱོད་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ད་ཐེངས་ཀྱི་སྐུལ་འདེད་གྲོས་ཚོགས་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་སོགས་འབྲེལ་ཡོད་པུའུ་ཨུ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་འབྲེལ་གཏུག་སྤེལ་རེས་ལ་སྔར་བས་ཤུགས་བསྣན་སྟེ། ལས་དོན་སྤེལ་ཤུགས་དང་བྱེད་ཐབས་སྔར་བས་ཆེ་བ་སྤྱད་དེ་མཚོ་སྔོན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

ལིའུ་ཏུང་ཧྲིན་གྱིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པས། ས་གནས་ཁག་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ》ལག་བསྟར་དོན་འཁྱོལ་ནན་ཏན་དང་། རྩྭ་ཐང་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གཞི་གཅིག་ཏུ་འགྱུར་བའི་བྱ་བའི་རྣམ་པ་བསྐྲུན་པ། ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་སྲུང་སྐྱོང་མ་ལག་འཛུགས་པ། རྩྭ་ཐང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྤུས་ཀ་དང་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་བསྒྱུར་བྱེད་པ། རྩྭ་འདེབས་རྒྱ་ཁྱོན་ཆེ་རུ་གཏོང་བ། རྩྭ་ཐང་ཁེབས་རྒྱ་ཆེ་རུ་གཏོང་བ། རྩྭ་ཐང་ཚན་རིག་དང་མཐུན་པར་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཚན་ཞིབ་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་གི་ཚན་རྩལ་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རྩྭ་ཐང་སྲུང་སྐྱོང་དང་སླར་གསོའི་ལས་དོན་དེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དོ་དམ་དང་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་གལ་ཆེའི་གནས་བབ་ཐོག་བཞག་ནས། གཅིག་གྱུར་གྱིས་ཞིབ་འཇུག་དང་སྤྱི་ཡོངས་ནས་བཀོད་སྒྲིག མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།