མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ8པའི་ཟླ་སྨད་དུ་བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ལུས་རྩལ་འགྲན་ཚོགས་ཀྱི་སྤྱིའི་གནས་ཚུལ་དང་གྲ་སྒྲིག་བྱ་བའི་སྐུལ་འདེད་གནས་ཚུལ། འགྲན་བསྡུར་གྱི་གྲ་སྒྲིག་གནས་ཚུལ་སོགས་ཁྱབ་བསྒྲགས་བྱས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་དང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ2021ལོའི་ཟླ8པའི་ཚེས20ཉིན་ནས་ཚེས25ཉིན་བར་མཚོ་ཤར་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ཞིང་། འགྲན་བསྡུར་གྱི་ཚོགས་ར་གཙོ་བོ་མཚོ་ཤར་གྲོང་ཁྱེར་ལུས་རྩལ་ལྟེ་གནས(ལི་ཏུའུ་ཆུས་སུ་ཡོད)སུ་སྒྲིག་བཀོད་བྱས་ཡོད་ཅིང་། དེའི་སྐབས་སུ་མགོ་རྩོམ་དང་མཇུག་སྒྲིལ་མཛད་སྒོ། འཁྲབ་སྟོན་རྣམ་གྲངས། རྐང་རྩེད་སྤོ་ལོ། ཐག་འཐེན། ཕིང་ཕིང་སྤོ་ལོ། ལག་རྩེད་སྤོ་ལོ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཡོད་ཅིང་། འགྲན་བསྡུར་གྱི་ཡན་ལག་ཚོགས་ར་ཕིན་ཨན་ཆུས་ལུས་རྩལ་སྤྱི་གླིང་དང་། ཕིན་ཨན་ཆུས་དམངས་ཡོངས་ལུས་རྩལ་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད་ལ། སྐབས་དེར་མི་རིགས་སྲོལ་རྒྱུན་མདའ་འཕེན་དང་དྲག་རྩལ་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་སྤེལ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་སུ་བསྡོམས་པས་ལས་ཁུངས་དང་ཚོགས་པ19ཞུགས་པ་དང་། དེའི་ཁྲོད་ཞིང་ཆེན་སྤྱི་བདེ་ཐིང་ཆེས་ཐོག་མར་བྱ་འགུལ་ཁྲོད་ཞུགས་པ་ཡིན། མིག་སྔའི་ཐོ་འགོད་གནས་ཚུལ་ལྟར་ན། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བ་མི1862ལ་སླེབས་རྒྱུ་ཡིན་པ་དང་། སྐབས་སྔོན་མ་ལས་མི400ལྷག་གི་ཇེ་མང་དུ་སོང་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།