རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའོ་ཡའོ་ཡིས་སྟོབས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ནས14ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའོ་ཡའོ་ཡིས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཕེབས་ཤིང་། མདོ་དབུས་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཁྲིམས་སྐྱོང་འགན་སྲུང་བྱ་བ་སྤེལ་བར་ཆེད་དོན་རྟོག་ཞིབ་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། རང་ཞིང་གི་འབྲེལ་ཡོད་བྱ་བའི་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་རྟོག་ཞིབ་ལ་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་རྟོག་ཞིབ་དང་མཉམ་དུ་སྐྱོད་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡང་རྟོག་ཞིབ་དང་མཉམ་སྐྱོད་བྱས། 

བཞུགས་མོལ་ཚོགས་འདུའི་ཐོག རྟོག་ཞིབ་རུ་ཁག་གིས་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན། ཧྲིན་ཡའོ་ཡའོ་ཡིས་ཚང་མའི་བརྗེ་རེས་གཏམ་བཤད་ལ་གསན་རྗེས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཅོལ་པའི་འགན་འཁྲི་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གང་མང་ལ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་བླང་བྱ་གསལ་བོར་བཏོན་མྱོང་བ་ནི། མདོ་དབུས་མཐོ་སྒང་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་སྣེ་ཁྲིད་སྐུལ་འདེད་བྱེད་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པའི་སྒོ་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། སྔར་ལས་ལྷག་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་དང་། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཟུང་ནས། ཤུགས་དྲག་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཚན་རིག་གི་གཟབ་ནན་ལྡན་པའི་ལས་སྲོལ་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།     

ཞིན་ཁྲང་ཞིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་རྟོག་ཞིབ་དང་བྱ་བར་མཛུབ་སྟོན་དུ་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཞུས། ཁོང་གིས་གསུང་དོན། རྟོག་ཞིབ་ཚན་ཆུང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛུགས་ཞིབ་འཇུག་ལ་དམིགས་ནས་རྟོག་ཞིབ་མཛད་པ་ནི། མཚོ་སྔོན་ལ་མཚོན་ནས་བཤད་ན་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་ཡིན་ལ། ང་ཚོ་ལ་རོགས་རམ་བགྱིས་ནས་སྔར་ལས་ལྷག་པར་འབྲེལ་ཡོད་བྱ་བ་ལེགས་པོར་འཛིན་པར་ཕན་ཆེན་པོ་ཐོགས། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི“རྒྱལ་ཁབ་ཀྱི་དོན་ཆེན”འདི་ཡིད་ལ་དམ་པོར་འཛིན་པ། “ཆེ་ཤོས་གསུམ”གྱི་གནས་ཚུལ་ངེས་གནས་ལ་རྐང་འཛུགས་པ། སྐྱེ་ཁམས་བདེ་འཇགས་དང་། གཙང་གསུམ་འབྱུང་ཡུལ། “ཀྲུང་ཧྭའི་ཆུ་མཛོད”བཅས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་ལེན་པ། རྟོག་ཞིབ་ཚན་ཆུང་གི་བླང་བྱ་ཁག་སོ་སོ་ནན་ཏན་སྒོས་དངོས་འབེབས་ལེགས་པོར་བྱེད་པ། སྒྲུབ་ཤུགས་སྔར་བས་ཆེ་བ་དང་སྒྲུབ་ཐབས་སྔར་བས་བཙན་པོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཉེན་ཁ་འགོག་སྲུང་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་མུ་མཐུད་དུ་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ཁྲིམས་སྐྱོང་འགན་སྲུང་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་གསུངས། 

མཚོ་སྔོན་དུ་སྡོད་པའི་རིང་ལ། རྟོག་ཞིབ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དང་རྐང་ཚ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་དུ་ཕེབས་ཏེ་ཡུལ་དངོས་བརྟག་དཔྱད་མཛད་པ་དང་། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དུ་གཟིགས་སྐོར་གནང་། 

རྟོག་ཞིབ་ཚན་ཆུང་གི་ཁོངས་མི་ཁྲིན་ལི་ཧྥིན་དང་། ཀྲང་ཧྲོའུ་ཀུང་། ཅའོ་ཡུང་བཅས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།