ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགར་ཟི་ལིང་དུ་ཉི་འོད་རབ་ཏུ་འཚེར་ནས་གནམ་གཤིས་དྲོད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད16བར། ཟི་ལིང་གྲོང་ཁྱེར་གྱི་དྲོད་ཚད་མཐོ་ཤོས་གྲོང་ཁྱེར་གྱི་མཁར་ཤར་ཡིན་པ་དང་དྲོད་ཚད33.4ལ་སླེབས།
གསར་འགོད་པས་ཁྲོམ་གཞུང་དུ་གྲོང་མི་མང་པོ་ཞིག་ཕྱིར་སྐྱོད་སྐབས་མིག་ཤེལ་ནག་པོ་གྱོན་པ་དང་། ཉི་གདུགས་བཀར་ནས་ཅི་ནུས་ཀྱིས་བསིལ་གྲིབ་བརྒྱུད་ནས་ཉི་མར་གཞོལ་ཅི་ཐུབ་བྱེད་ཀྱིན་འདུག་པ་མཐོང་། ཉི་འོད་འགོག་པའི་བྱུག་རྫས་དང་། ཉི་འོད་འགོག་པའི་ཞྭ་མོ། ཉི་སྒྲིབ་གདུགས་དང་སྨད་གཡོགས་ཐུང་ངུ་སོགས་གྲོང་མིའི་མཚོན་རྟགས་སུ་གྱུར་ཡོད་ཅིང་། དེ་མིན་འཁྱགས་དར་དང་འཁྱགས་ཞོ། བཏུང་བྱ་གྲང་མོ་བཅས་ནི་བྲིན་ཆེ་བའི་ཐོན་རྫས་སུ་གྱུར་ཡོད། འབྲི་ཆུའི་ལམ་གྱི་དངོས་ཟོག་ཕྱིར་ཚོང་བྱེད་པའི་ཚོང་གཉེར་བ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་འདི་འགར་གནམ་གཤིས་ཚ་བ་ཆེ་བས་འཁྱགས་དར་དང་། འཁྱགས་ཞོ། བཏུང་བྱ་གྲང་མོ་བཅས་ཉོ་མཁན་ཇེ་མང་དུ་ཕྱིན་ནས་ཚོང་ཟོག་གི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ཟེར།
གནམ་གཤིས་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ཟླ7པའི་ཚེས13ཉིན་ཞིན་ཧྭ་རྫོང་དང་མིང་ཧོ། ཕིན་ཨན། ལུ་ཏུའུ། ཁྲི་ཀ་སོགས་ཀྱི་གནམ་གཤིས་དྲོད་ཚད་མཐོ་ཤོས30℃ལས་བརྒལ་ཡོད་པ་རེད།
བསྟུད་མར་ཚ་བ་ཆེ་བའི་གནམ་གཤིས་ཚེས13ཉིན་གྱི་མཚན་མོར་མཇུག་རྫོགས། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གསར་ཤོས་ལ་གཞིགས་ན། ཚེས13ཉིན་ནས་ཚེས14ཉིན་བར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་བ་ཆུང་ཆུང་ནས་འབྲིང་འབབ་པ་དང་ས་ཆ་ཁ་ཤས་ལ་ཆར་པ་ཆེན་པོ་འབབ་རྒྱུ་རེད།
ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས14ཉིན་གྱི་ཆུ་ཚོད20བར་ཟི་ལིང་གི་ལྷོ་རྒྱུད་དང་མཚོ་ཤར་གྱི་ཤར་ལྷོའི་རྒྱུད། རྨ་ལྷོ། མཚོ་ལྷོ་ཡི་ལྷོ་རྒྱུད། མགོ་ལོག་གི་དབུས་བྱང་རྒྱུད། ཡུས་ཧྲུའུ་ཡི་ནུབ་རྒྱུད་བཅས་སུ་ཆར་པ་འབྲིང་འབབ་རྒྱུ་ཡིན་པ་དང་། དེའི་ནང་རྨ་ལྷོའི་ལྷོ་རྒྱུད་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་པ་དང་། མཚོ་ནུབ་དང་དབུས་ནུབ་རྒྱུད་དུ་སྤྲིན་མང་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།
ཆར་ཆུ་བབས་པའི་བརྒྱུད་རིམ་མཇུག་སྒྲིལ་རྗེས། མཐོ་འབྲིང་བྱང་འདེགས་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་མཐོ་གནོན་ཤུགས་རྐྱེན་ཐེབས་ནས། ཞིང་ཆེན་ཡོངས་སུ་ཚ་བ་ཆེ་བའི་གནམ་གཤིས་ཀྱི་དུས་སུ་སླེབས་རྒྱུ་ཡིན་པ་དང་། ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུའི་འགག་དང་དེ་བཞིན་ཚྭ་འདམ་གཤོངས་སར་སླར་ཡང་དྲོད་ཚད་མཐོ་ཤོས30℃ལ་སླེབས་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཁ་སང་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བའི་དྲོད་ཚད30℃ལས་བརྒལ་བ།