མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་(བརྙན་ལམ)གྲོས་ཚོགས་ཐེངས་ཉེར་བརྒྱད་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས(བརྙན་ལམ)གྲོས་ཚོགས་ཐེངས་ཉེར་བརྒྱད་པ་འཚོགས། གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ལོ་སྨད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་བརྙན་ལམ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཤིང་། 2021ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། ལོ་སྨད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མདོ་འཛིན་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་།

གྲོས་ཚོགས་སྟེང་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་ཏན་གྱིས་ནུས་ལྡན་ངང་སྤེལ་བ་དང་། པྲོག་གསར་ནད་དུག་སྔོན་འགོག་སྨན་ཁབ་གསར་པ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། འོན་ཀྱང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔར་འཕྲད་པའི་རིམས་ནད་ཀྱི་དུས་བབ་སྔར་བས་རྙོག་འཛིང་དང་ཛ་དྲག་ཆེ་བ་གསལ་བོར་ངོས་འཛིན་ཐུབ་པ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་དམ་འཛིན་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ས་གནས་ཁག་དང་སྡེ་ཁག་སོ་སོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས། བསམ་བློའི་ངོས་འཛིན་སླར་ཡང་མཐོ་རུ་གཏོང་བ་དང་། ཞིབ་ཕྲ་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ། དོ་དམ་ཚོད་འཛིན་བྱེད་ཐབས་ལ་སླར་ཡང་ཤུགས་སྣོན། སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་དང་ལག་རྩལ་གྱི་ཕྱོགས་སྟོན་ལག་བསྟར་ནན་མོ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སླར་ཡང་ནན་གྱིས་དོན་འཁྱོལ་བྱེད་པ། གཞི་ཐིག་གི་བསམ་གཞིགས་མཐའ་འཁྱོངས་བྱེད་པ། སྐྱོན་ཆ་ཞིབ་རྩད་དང་མེད་པར་བཟོ་བ། མངོན་མེད་རྐྱེན་ངན་སེལ་བར་བྱེད་པ། སྔོན་འགོག་ཚོད་འཛིན་དྲ་བ་ད་དུང་ཚགས་དམ་དུ་གཏོང་བ། དུས་ཐོག་ཏུ་ཤེས་རྟོགས་དང་། མགྱོགས་མྱུར་གྱིས་ཐག་གཅོད། གནད་སྨིན་དོ་དམ་ཚོད་འཛིན། སྐྱོབ་བཅོས་ནུས་ལྡན་བཅས་ཀྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ། གནད་དོན་དག་ཐེར་སླར་ཡང་དོན་འཁྱོལ་བྱེད་པ་བཅས་བྱེད་པ། མངའ་ཁོངས་སུ་འཛུལ་བའི་དོ་དམ་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་། འཕྲལ་སྡོམ་ཐག་གཅོད། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ལྷུ་ཚིགས་ཧྲིལ་བོའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པར་ད་དུང་ཤུགས་སྣོན་པ། རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གང་མགྱོགས་གཏོང་བ། ནད་དུག་ཁྱབ་ཚུལ་ཇེ་དལ་དུ་གཏོང་བ་སོགས་ཀྱི་སྒོ་ནས་རིམས་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་པར་ནན་གྱིས་བསྟན།   །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།