ཁྲིམས་སྐྱོང་བདུད་རྩི་སེམས་ཀྱི་ཞིང་སར་བསྙིལ། མགོ་ལོག་ཁུལ་དར་ལག་རྫོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་སྐར་མགོན།

བློ་མཐུན་སྐར་མགོན་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཡིན་ཞིང་། 2017ལོའི་ཟླ12པར་མགོ་ལོག་ཁུལ་བརྟན་འཇགས་སྲུང་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གིས“2014ལོ་ནས2017ལོའི་བར་གྱི་ཁུལ་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་དང་། 2019ལོའི་ཟླ12པར་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་དུས་དཀྱིལ་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ།

རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་འཁུར་བ་སྐར་མགོན་གྱིས་ཀྲུང་དབྱང་དང་མཚོ་སྔོན། མགོ་ལོག་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དར་ལག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། དར་ལག་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་རང་འགན་དུ་བརྩིས་ནས་ཁྲིམས་འཛིན་སྲིད་འཛིན་ལས་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དཔུང་ཁག་འཛུགས་སྐྱོང་སྔོན་དུ་བྱེད་པ་དང་མི་དམངས་འདུམ་འགྲིག་སྔོན་དུ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྔོན་ལ་ལག་བསྟར་བྱེད་པ། སྡེ་ཁུལ་བདེ་སྐྱོར་གྱིས་ལས་དོན་སྔོན་དུ་སྒྲུབ་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས།

བཅའ་ཁྲིམས་ཤེས་བྱའི་དྲིལ་སྒྲོག་པ་བཟང་པོ།

ཉེ་བའི་ལོ9ཙམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་ཉམས་མྱོང་གིས་སྐར་མགོན་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་ནི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ནི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གལ་ཆེའི་རང་བཞིན་ཡིན་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད། ལས་དོན་སྤེལ་སྐབས། སྐར་མགོན་གྱིས་ཧུར་ཐག་གིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་པ་ཞིག་བྱས་ཏེ། དུས་སྐབས་གསར་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད། ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཁྱབ་གདལ་བཏང་ནས། མང་ཚོགས་ལ་བཅའ་ཁྲིམས་རང་ཉིད་ཀྱི་འགྲམ་དུ་ཡོད་པ་ཚོར་ཏུ་བཅུག

སྐར་མགོན་གྱིས་ཧུར་ཐག་གིས་དུས་མཚམས་མི་འདྲ་བའི་འཆར་འགོད་འཚོལ་ཞིབ་ཀྱིས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྣ་མང་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། “བཅའ་ཁྲིམས་བཅུ་སྤེལ”སོགས་ཀྱི་བྱེད་ཐབས་བརྒྱུད། ལོ་ལྟར་ཁྲིམས་སྐྱོང་དྲིལ་བསྒྲགས་དཔུང་ཁག་གི་སྣེ་ཁྲིད་དེ་ཤང་གྲོང་དང་། གྲོང་སྡེ་ཚོགས་པ། ལས་ཁུངས། སློབ་གྲྭ འབྲོག་ཁྱིམ། བཟོ་གྲྭ་སོགས་གཙོ་གནད་ལས་རིགས་སུ་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་ལས་དོན་སྤེལ།

སྐར་མགོན་གྱིས་གསར་འགོད་པར་བཤད་རྒྱུར། “ལོ་ངོ་མང་པོའི་རིང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ལག་ལེན་ལས། རང་ཉིད་ལ་དུས་རབས་ཀྱི་ཡར་རྒྱས་དང་སྤྱི་ཚོགས་ཀྱི་དགོས་མཁོའི་འགྱུར་ལྡོག་དང་བསྟུན་ནས། ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པ་ཤེས་སུ་བཅུག“ཟེར།

དྲ་རྒྱའི་ལས་སྟེགས་གསར་པ་དར་ཁྱབ་ཆེ་བའི་དུས་འདིར་ཁོང་གིས་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣའི་སྣེ་ཁྲིད་དེ་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་དང་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་བརྒྱུད། བཅའ་ཁྲིམས་ཁྲིམས་སྲོལ་གྱི་རྨང་གཞིའི་ཤེས་བྱ་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་སྲིད་ཇུས་བསྐུར་ཏེ། དྲིལ་བསྒྲགས་ཀྱི་ཐབས་ལམ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་། འཕྲིན་ཕྲན་གྱི་སྟེགས་བུ་སྤྱད་ནས“ཁྲིམས་བཤད་སློབ་ཁྲིད་ཆུང་ངུ”བཙུགས་པ་དང་། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་བཅའ་ཁྲིམས་རོགས་སྐྱོར་དང་དམངས་དོན་གཏུག་བཤེར་སོགས་ཀྱི་ཁེ་དབང་འགན་སྲུང་གི་ནང་དོན་གསལ་འགྲེལ་དང་བོད་སྐད“འཐབ་ནད”ཅེས་པའི་གཏམ་དཔེའི་པར་ངོས་བཙུགས་ལ། འབྲོག་པ་མང་ཚོགས་ཀྱིས་གཏམ་དཔེ་ལ་ཉན་པར་དགའ་བ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་ལུགས་སློབ་སྦྱོང་བེད་སྤྱོད་སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་བསྒྲིགས་ལེ་ཚན་བཙུགས་ཤིང་། སྔ་གཞུག་ཏུ་རྩ་ཁྲིམས་རྒྱུན་ཤེས་དང་དམངས་དོན་ཁྲིམས་གཞུང་གི་རྒྱུན་ཤེས། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཤེས་བྱ་སོགས་རྒྱ་བོད་ཤན་སྦྱར་གྱི་ཆ་འཕྲིན7000ལྷག་ཡིག་སྒྱུར་བྱས་པ་འོས་སྦྱོར་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཡི་གེ་ཡོད་པ་དང་། སྒྲ་ཡོད་པ། ཁྱད་ཆོས་ལྡན་པ་བཅས་མངོན་འགྱུར་བྱས།

སྡེ་ཁུལ་ཡོ་བསྲང་གི་ཞབས་ཞུ་པ་བཟང་པོ།

སྡེ་ཁུལ་ཡོ་བསྲང་ལས་དོན་ནི་རྒྱལ་ཁབ་ཀྱིས་ཁྲིམས་བསྟར་སྲིད་འཛིན་ལས་ཁུངས་ལ་སྤྲད་པའི་ལས་འགན་གསར་པ་ཞིག་དང་། ཁྲིམས་བསྟར་སྲིད་འཛིན་ལས་དོན་གྱི་ཁྱབ་ཁོངས་གསར་པ་ཞིག་ཡིན་པས། སྐར་མགོན་གྱིས་འགག་སྒོའི་གོ་རིམ་ནན་དུ་གཏོང་བ་དང་། ཚད་ལྡན་གྱིས་བཀོལ་སྤྱོད་བྱེད་པ། ཡོ་བསྲང་བྱ་ཡུལ་ལ་ཞིབ་བཤེར་ཆོག་མཆན་སྤྲོད་པ་ནན་དུ་གཏོང་བ་བཅས་བྱས་ཏེ་དོ་དམ་དང་ཚོད་འཛིན་མི་ཐུབ་པའི་སྣང་ཚུལ་སྔོན་འགོག་བྱས།

ཁོང་གིས་དངོས་སུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་རོགས་སྐྱོར་དང་བཅར་འདྲི་བྱེད་པར་བསྐྱོད་དེ། རྫོང་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཚང་མར་དུས་བཀག་རེ་རེ་བཞིན་བཅར་འདྲི་བྱས་པ་དང་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་ཉེས་གསོག་རྒྱབ་ལྗོངས་དང་། རང་ཉེས་ངོས་ལེན་གྱི་རྣམ་འགྱུར། ཁྱིམ་ཚང་གི་གནས་ཚུལ། ལས་ཞུགས་གནས་ཚུལ། མི་སྣའི་འགྲོ་འདུག་སོགས་གསལ་རྟོགས་བྱས་ཏེ། སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ལ་གཞིགས་ཏེ་ལས་ཀ་སྒྲུབ་པ་དང་། མི་དང་བསྟུན་ནས་སློབ་གསོ་གཏོང་བ་དང་དུས་མཚུངས་སུ། ཁོངས་གཏོགས་ས་ཆ་དང་ཉེ་འགྲམ། སྟབས་བདེའི་རྩ་དོན་གཞིར་བཟུང་། ལས་ཞུགས་མེད་པའི་བཙོན་གྲོལ་ཡོ་བསྲང་མི་སྣ་དང་བདེ་འཇགས་རོགས་རམ་མི་སྣ་བདམས་ཏེ་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཤིང་།  འཚོ་བའི་ཁྲོད་སེམས་གཏིང་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སེམས་ཁུར་བྱས་ནས། ལྷག་བསམ་རྣམ་དག་གིས་ཁ་བརྡ་དང་རོགས་སྐྱོར་བྱས།   

སྐར་མགོན་གྱིས་ཁྲིམས་འཛིན་སྲིད་འཛིན་གྱི་བྱ་བ་བསྒྲུབས་ནས་ད་ལྟའི་བར། དར་ལག་རྫོང་གི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་མི158བདེ་བླག་ངང་སྤྱི་ཚོགས་ཀྱི་པང་དུ་ལོག་ནས་གསར་དུ་མི་ཚུལ་ལྡན་ཞིག་བྱས་ཡོད། མིག་སྔར་དར་ལག་རྫོང་གི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཁྲོད་ལས་ཞུགས་ཀྱི་དགོས་མཁོ་ཡོད་པར་ལས་ཞུགས་ཐུབ་ཚད100%རུ་སླེབས་ནས། ཁོང་ཚོ་སྤྱི་ཚོགས་ཐོག་ཕྱིར་ལོག་ཐུབ་པ་དང་མི་གསར་པ་ཞིག་བྱེད་པའི་བློ་སྟོབས་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད།

སྐར་མགོན་གྱི་བཤད་རྒྱུར། “ད་ལྟའི་བར་དར་ལག་རྫོང་གི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་དོ་དམ་དང་འགལ་བ་དང་དོ་དམ་དང་བྲལ་བའམ་ཡང་ན་བསྐྱར་དུ་ཉེས་པ་བསགས་པའི་སྣང་ཚུལ་གཅིག་ཀྱང་བྱུང་མེད། 2017ལོར་དར་ལག་རྫོང་གིས་ཁུལ་ཡོངས་ཀྱི་སྡེ་ཁུལ་དང་པོའི་ཡོ་བསྲང་ལས་ཞུགས་བཀོད་སྒྲིག་ས་ཚིགས་བཙུགས་ནས་ལས་ཞུགས་མེད་པའི་མི་སྣའི་གནས་སྐབས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་ཟེར།

གཞི་རིམ་མི་དམངས་ཀྱི་འདུམ་འགྲིག་པ་བཟང་པོ།

གཞི་རིམ་མི་དམངས་འདུམ་འགྲིག་གི་ལས་ཀ་རྙོག་འཛིང་ཆེ་བས། གྲོང་མིའི་བར་གྱི་ཁྱིམ་མཚེས་ཀྱི་རྩོད་གཞི་ནས་ས་ཁུལ་གྱི་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་དུས་ཐོག་ཏུ་སེལ་དགོས་ལ། གལ་ཏེ་ཐག་གཅོད་ཡག་པོ་མ་བྱས་ཚེ་མཇུག་འབྲས་ཚབས་ཆེན་བཟོ་ངེས་རེད།

སྐར་མགོན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་མང་ཚོགས་ཀྱི་ལས་དོན་ནི་ནམ་ཡང་དོན་ཆུང་མིན་པར་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཛིན་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱིན་ཡོད་པ་དང་། འདུམ་འགྲིག་ལས་དོན་ཁྲོད་སྐར་མགོན་ལ་གནད་དོན་ཐག་གཅོད་མི་བྱེད་པར་མཚམས་མི་འཇོག་པའི་སེམས་ཤུགས་ཤིག་ཡོད་ལ། ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཐག་གཅོད་དཀའ་བ་དང་རྙོག་འཛིང་ཆེ་བ། ས་མཚམས་ལས་བརྒལ་བ་བཅས་ཀྱི་གནད་དོན་རེ་རེའི་རྩོད་གཞི་དེ་ཐོག་མའི་དུས་མཚམས་སུ་ཐག་གཅོད་ཐུབ་པ་དང་། ཡུལ་དངོས་སུ་ཐག་གཅོད་ཐུབ་པ། གཞི་རིམ་དུ་ལུས་པ། གནད་དོན་ཐག་གཅོད་ཐུབ་པ། བྱུང་མ་ཐག་ཐག་གཅོད་ཐུབ་པ་བཅས་བྱུང་ནས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཛ་དྲག་ཏུ་འགྲོ་བ་དུས་ཐོག་ཏུ་སྔོན་འགོག་ཐུབ་པ་དང་། འགལ་ཟླ་བྱུང་མ་ཐག་ནས་ཐག་བཅད་དེ་མང་ཚོགས་བར་གྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གྱུར་ཡོད།

རིམ་པ་སོ་སོའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་མི་དམངས་འདུམ་འགྲིག་གི“འགོག་སྲུང་འཛིང་རགས་དང་པོའི”འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ“རྩོད་གཞི་སྔོན་འགོག་བྱེད་པ་དང་། རྩོད་གཞིར་ཆེད་དོན་བཅོས་སྐྱོང་བྱེད་པ། འགལ་ཟླ་ཛ་དྲག་ཏུ་མི་འགྲོ་བ་བྱེད་པའི”བྱ་བའི་བྱེད་ཐབས་ལག་བསྟར་བྱས་ཡོད། བྱ་བའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཁྲིམས་འཛིན་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག མི་དམངས་འདུམ་འགྲིག་བཅས“འདུམ་སྒྲིག་གསུམ་མཉམ་འགུལ”གྱི་ལམ་སྲོལ་རང་འགུལ་ངང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསར་གཏོད་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱེད་པར་དམ་པོར་དམིགས་ཏེ། མི་དམངས་འདུམ་འགྲིག་གི་བཅོས་བསྒྱུར་ལས་འགན་དོན་འཁྱོལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། སྨན་པ་དང་ནད་པའི་བར་གྱི་རྩོད་གཞི་སོགས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ལམ་སྲོལ་དང་། ཉེན་རྟོག་པ་དང་མི་དམངས་མཉམ་སྒྲིག རང་གཤིས་ཅན་གྱི་འདུམ་འགྲིག་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས་སྣ་མང་ཅན་གྱི་འདུམ་སྒྲིག་རྣམ་པ་བཏོད་ཡོད། དེ་དང་ཆབས་ཅིག་འགལ་ཟླ་ཆུང་ངུ“གང་བྱུང་དུ་ལེགས་སྒྲིག”བྱེད་པའི་ལག་དེབ་ཇུས་འགོད་བྱས་པ་མ་ཟད། གཞི་རིམ་འདུམ་འགྲིག་པའི་ལག་ཏུ་བཀྲམ་ནས་ཁོངས་གཏོགས་ས་ཁུལ་གྱི་འདུམ་འགྲིག་པས་འབྲོག་པ་མང་ཚོགས་བར་གྱི་འགལ་ཟླ་ཆུང་གྲས་དུས་ཐོག་ཏུ་འདུམ་འགྲིག་བྱེད་པར་སྟབས་བདེ་བསྐྲུན་ཡོད། འདི་ནི་མགོ་ལོག་ཁུལ་གྱི་འགལ་བ་དང་རྩོད་གཞིའི་འདུམ་འགྲིག་ལམ་སྲོལ་གྱི་ཁྱད་ཆོས་ཞིག་ཀྱང་རེད།

སྐར་མགོན་གྱིས་བཤད་རྒྱུར། “རང་རྫོང་འོད་གསལ་ཤང་གི་འོད་ཆེ་གེ་མོ་དང་གུར་ཆེ་གེ་མོའི་བར་གྱི་རྩོད་གཞིར་མི་རབས་གཉིས་འགོར་ཡོད་པས། ངས་ཆེད་དུ་དོ་བདག་མི་སྣ་དང་ལས་སྒྲུབ་མི་སྣ་སྣེ་ཁྲིད་དེ་ཧུར་ཐག་གིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་པ་དང་། དཔང་རྟགས་དང་དཔྱད་ཡིག་སྣ་ཚོགས་འཚོལ་བསྡུ། ཡུལ་དངོས་བརྟག་དཔྱད་དང་ཤེས་རྟོགས་གཏིང་ཟབ་བྱས་ནས། སྟོབས་དང་ལྡན་པའི་འདུམ་འགྲིག་པ་མངགས་ནས་ཟླ་བ་གཅིག་རིང་འདུམ་འགྲིག་བྱས་མཐར། དོ་བདག་ཕྱོགས་གཉིས་བར་ཐུན་མོང་གི་ངོས་འཛིན་ཐོབ་པས་ལག་འཇུ་བྱས་ཏེ་འགྲིག་མཐུན་བྱུང་ཡོད”ཟེར།

གང་ལྟར་དད་སེམས་ཀྱི་རེ་འདུན་ཞིག་གིས་ང་ཚོར་ཕུལ་བྱུང་དོན་གཉེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། ལས་གནས་ཀྱི་འཐབ་ཡུལ་དང་པོར་ནམ་ཡང་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། སེམས་འགུལ་ཚད་མེད་ཐེབས་ནས་ང་རང་མིག་ཆུ་ཤོར་ཡང་སྲིད། སྐར་མགོན་གྱིས“བྱ་བའི་ཁྲོད་དུའང་དཀའ་སྡུག་གང་མང་ཡོད་མོད། འོན་ཀྱང་མང་ཚོགས་ཀྱི་གདོང་གི་འཛུམ་མདངས་མཐོང་སྐབས་དཀའ་སྡུག་གི་ཆར་རླུང་མཐའ་དག་ཉི་འོད་དང་སྦྲང་ཆར་ཟིལ་མར་གྱུར་ནས་ངའི་སེམས་ཀྱི་ཞིང་སར་འཕྲོས་བས་ངའི་སེམས་ཀྱི་ཞིང་སར་བརླན་གཤེར་དང་དྲོལ་འཁོལ་འཛོམས་ཡོད”ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།