ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་ཀྱི་ལས་གཞིི་མགོ་རྩོམ་པའི་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་གྱི་ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་ཚབ་བྱས་ཏེ། གནོད་ཐེབས་སླར་གསོ་བསྐྱར་འཛུགས་ལས་གཞི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཉིན་དེར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དུའང་དུས་གཅིག་ཏུ་ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་ལས་གཞི་མགོ་བརྩམས།
མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་ཀྱི་ལས་གཞིི་མགོ་རྩོམ་པའི་མཛད་སྒོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ཞིང་། དེའི་སྟེང་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་ཐེབས་བསྐྱར་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་ཆེན་པོ་བྱེད་པ་མཚོན་ཡོད། ཐེངས་འདིའི་སླར་གསོ་བསྐྱར་འཛུགས་བྱེད་སྐབས། “གནད་ཟོན་དང་། གཞི་རྩར་འགན་ལེན། དམངས་འཚོ་འགན་སྲུང”བཅས་བྱ་དགོས་པའི་བླང་བྱ་ལྟར། སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སྒྲིག་ཆས། སྤྱི་པའི་ཞབས་ཞུ། ཐོན་ལས་སླར་གསོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒྲིག་བཀོད། གནོད་འགོག་རྒུད་སྐྱོབ། འཆམ་མཐུན་ཁྱིམ་གཞིས་བཅས་ཀྱི“བཟོ་སྐྲུན་ཆེན་པོ་བརྒྱད”གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་དགོས། ས་ཞིང་དང་ནོར་སྲིད། ཁྲལ་གྲོན། དངུལ་རྩ། ཐོན་ལས། ལས་གཞིའི་རྣམ་གྲངས་བཅས་རོགས་སྐྲུན་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་དྲུག་གཏན་འབེབས་དང་། དེ་བཞིན་དངོས་ཟོག་དང་སྐྱེལ་འདྲེན། རིན་གོང་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་སྲུང་བྱེད་ཐབས་གསུམ་ཚུད་ཡོད། རྩ་འཛུགས་མགོ་ཁྲིད། འཆར་འགོད་དོ་དམ། དྲིལ་བསྒྲགས་ཁྲིད་སྟོན། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ཐད་ནས་བྱེད་ཐབས་མང་དག་ཅིག་ཤུགས་ཆེར་བཏང་ནས། ཚན་རིག་དང་མཐུན་པར་བསྐྱར་སྐྲུན་དང་། སྔོ་ལྗང་བསྐྱར་འཛུགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བསྐྱར་འཛུགས། ཉི་འོད་བསྐྱར་སྐྲུན་བཅས་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་དཔལ་ཡོན་གྱི་ཁྱིམ་གཞི་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས།
དེའི་རྗེས་འཚོགས་པའི་མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་ཀྱི་བཞུགས་མོལ་གྲོས་ཚོགས་སྟེང་། ཁོང་ཡུང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་དམིགས་ཚད་གཅིག་གྱུར་བྱས་ཏེ། ཨར་ལས་ཀྱི“རྫོགས་ལྡན་དུས”དམ་འཛིན་དང་སེམས་ནུས་གཅིག་སྒྲིལ་གྱིས་ད་ལོའི་ལོ་མཇུག་ཏུ་མང་ཚོགས་རྣམས་བདེ་འཇགས་ངང་དགུན་བསྐྱལ་བ་དང་། སློབ་མ་རྒྱུན་ལྡན་ངང་སློབ་གྲྭར་སྐྱོད་པ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་འཛུགས་སྐྲུན་སྒྲིག་བཀོད་བཅས་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པར་བྱེད་པ། ཕྱི་ལོའི་ཐོན་སྐྱེད་སླར་གསོ་དང་ཇེ་ལེགས་སུ་གཏོང་བའི་དུས་མཚམས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ནས། གནོད་ཐེབས་སླར་གསོ་བསྐྱར་འཛུགས་ལས་དོན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་ཀྱིས“ཞིང་ཆེན་རིམ་པས་སྤྱི་འདོམས་དང་། སྡེ་ཁག་གིས་མཛུབ་ཁྲིད། ཁུལ་དང་རྫོང་གིས་འགན་འཁུར་བ ། མང་ཚོགས་ཟབ་ཞུགས”བཅས་ཀྱི་རྩ་དོན་གཞིར་བཟུང་ཞིབ་འཇུག་གཏིང་ཟབ་བྱས་ནས་ལམ་སྲོལ་གྱི་གནད་དོན་དང་། སྐྱེ་ཁམས་སྲུང་སྐྱོང་གི་གནད་དོན། རྣམ་གྲངས་ཀྱི་མ་དངུལ་གནད་དོན། ལག་བསྟར་སྒྲིག་འཛུགས་བྱེད་པའི་གནད་དོན་བཅས་སྤྱི་འདོམས་སྒོས་ཐག་གཅོད་ཡག་པོ་བྱེད་དགོས། ཉེ་དུས་ཀྱི་གཙོ་གནད་ལས་དོན་སྔར་བས་ཁ་གསལ་ཡོང་བ་བྱས་ནས་སྡེ་ཁག་སོ་སོས་བསྐྱར་སྐྲུན་དུས་མཚམས་ཀྱི་སྲིད་ཇུས་འགན་ལེན་དང་། ལག་རྩལ་གྱི་འདེགས་སྐྱོར། རྣམ་གྲངས་ལ་ལྟ་ཞིབ་རྩིས་བཤེར་ལས་དོན་ལ་ཤུགས་སྣོན་པ་བཅས་བྱེད་པར་དམ་འཛིན་་དང་། ཁུལ་དང་རྫོང་གིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། ཉེན་ཡོད་གཙང་སེལ་ལས་དོན་སྤེལ་ནས་བསྐྱར་སྐྲུན་དུད་ཚང་དང་ཉམས་གསོ་བརྟན་འཇགས་སུ་གཏོང་བའི་དུད་ཚང་ལ་རྩིས་ཁྲ་ཁ་གསལ་བཟོ་བ་དང་། འཛུགས་སྐྲུན་ཇུས་གཞི་བརྟན་འཇགས་ཇུས་གཞི་གང་མགྱོགས་ཀྱིས་བཟོས་ཏེ་སྡོད་ཁང་དང་། སློབ་གྲྭ འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞིའི་རྣམ་གྲངས་ཟླ7པའི་ཟླ་མཇུག་སྔོན་གཞི་རྩའི་ཆ་ནས་ལས་མགོ་བརྩམས་ཏེ། གནོད་ཐེབས་བསྐྱར་འཛུགས་ལས་དོན་ཡག་པོ་བསྒྲུབ་པར་འགན་ལེན་བྱེད་དགོས། ཨར་ལས་ཀྱི་སྤུས་ཚད་ལ་དམིགས་བཀར་གྱིས་དོ་སྣང་བྱས་ཏེ་གནོད་ཐེབས་བསྐྱར་འཛུགས་ལ་དུས་ཚོད་དང་སྤུས་ཚད་ཀྱི་ཞིབ་བཤེར་ཐུབ་པར་འགན་ལེན་བྱས་ནས། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་པར་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཐེབས་སླར་གསོ་བསྐྱར་འཛུགས་ལས་གཞི་དངོས་སུ་མགོ་བརྩམས།