མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལ་མགོ་འཛིན་གནང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་དེའི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གྱིས་བསྐྲུན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དང“ས་གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས“གཙོ་གནད”ལ་གདེངས་ཚོད་ཡོད་པ་དང་། “དཀའ་གནད”གཏོལ་བ། “གནས་གནད”སེལ་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་ཞུགས་དགོས། 《འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་ཇུས་གཞི》གཞིར་བཟུང་། ས་མཐོའི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་དང་འཚོལ་བསྡུ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་སྤེལ་ཏེ། ས་མཐོའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། 《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི》དོན་འཁྱོལ་བྱེད་པའི་འབྲེལ་ཡོད་ཀྱི་ཆ་ཚང་བའི་བྱེད་ཐབས་གང་མགྱོགས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་མཛའ་གྲོགས་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་ལེགས་པར་སྐྱོད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་རྒྱུས་མེ་ལོང་དུ་བརྩིས་ནས་འབྱུང་འགྱུར་གསར་བསྐྲུན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་ལས་འགན་གལ་ཆེན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་། བསམ་ཤེས། ལག་ལེན་བཅས་བྱ་རྒྱུ་ནི་སྲིད་གཞུང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས་མཚོ་སྔོན་གྱི་བྱ་བ་སེམས་ནུས་གཅིག་སྒྲིལ་གྱིས་ཡག་པོ་སྒྲུབ་དགོས་པར་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་། ཏང་ཙུའུ་ཁོངས་མི་ཝང་ལི་མིང་། ཀྲང་ལི། ལིའུ་ཐའོ། དབྱང་ཀྲི་ཝུན། ཚེ་རིང་ཐར། ལི་ཧུང་ཡ། ཝང་ཏིང་པང་བཅས་གྲོས་ཚོགས་སུ་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།