ལིག་ཁྲའོ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་ཡན་ལག་ཅུའུ། དོ་དམ་སྲུང་སྐྱོང་ས་ཚིགས། ཚན་རིག་རྟེན་གཞི། གཞིས་ཁུལ་འབྲོག་ཁྱིམ་དུ་སོང་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་དང་། རོང་འབྲོག་མང་ཚོགས། ཚན་རིག་ཞིབ་འཇུག་མི་སྣ། གླིང་ཁུལ་དང་རྫོང་དང་ཞིང་སྡེའི་ལས་བྱེད་པའི་བཞུགས་མོལ་བརྗེ་རེས་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་འཁོར་རྒྱུག་སྒྲིག་སྲོལ། འབྲོག་དམངས་ཐོན་སྐྱེད་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། 

ལིག་ཁྲའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནད་འགག་ཁྲོད་ཀྱི་གནད་དུ་བཟུང་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་ཆབ་སྲིད་ལས་འགན་ལག་བསྟར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་མཁན་བྱེད་དགོས། སྲུང་སྐྱོང་སྔོན་ལ་བྱེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་འཕེལ་རྒྱས་ཀྱི་རྩ་བའི་སྔོན་འགྲོ་དང་རང་གཅུན་དུ་བྱས་ཏེ། རི་ཆུ་ནགས་དང་།རྩྭ་ས་དང་མཚེའུ། འཁྱགས་དར་གྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་ཀྱིས། སྐྱེ་ཁམས་བདེ་འཇགས་ཀྱི་རྟགས་ཚད་བརྟན་སྲུང་བྱེད་དགོས། ནུས་མཐོའི་དོ་དམ་སྲུང་སྐྱོང་སྒྲིག་སྲོལ་འཛུགས་པ་དང་། “དོ་དམ་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས། འཁོར་རྒྱུག་སྒྲིག་སྲོལ་གསར་གཏོད”ཀྱི་བླང་བྱ་གལ་ཆེན་ལྟར། སྣེ་མང་པོའི་དོ་དམ་ཐག་གཅོད་དང་། མཐའ་མཚམས་མི་གསལ་བ། དབང་འགན་མི་གསལ་བ་སོགས་ཀྱི་གནད་དོན་ཐག་བཅད་ནས། དོན་གཅོད་དབང་ཆའི་འགྲོ་གྲོན་གཏོང་བའི་འགན་འཁྲི་ཇེ་ལེགས་སུ་བཏང་སྟེ། ནོར་སྲིད་གཏོང་བ་གཙོར་བཟུང་ནས། སྤྱི་ཚོགས་དེའི་ཁྲོད་ཞུགས་པ་དང་། མ་དངུལ་བསྡུ་སྒྲིག་སོགས་ཀྱི་འགན་སྲུང་སྒྲིག་སྲོལ་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་གཅིག་བསྡུས་བྱས་ཏེ། ཚན་རིག་སྒོས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་གནས་སྒྲིག་བཀོད་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་འཚོལ་ཞིབ། ས་གནས་མང་ཚོགས་དམིགས་བསལ་ཚོང་གཉེར་ཁེ་ཕན་སྡེབ་སྒྲིག་སྒྲིག་སྲོལ་འཛུགས་སྐྲུན་འཚོལ་ཞིབ་བྱས་ཏེ། ས་གནས་མང་ཚོགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་གི་ཧུར་ཐག་རང་བཞིན་སྐུལ་སྤེལ་བྱས་ནས། སྲིད་གཞུང་གི་སྣེ་ཁྲིད་དང་ཁེ་ལས། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་དེའི་ཁྲོད་ཞུགས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཡུན་ཕན་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། དྭངས་གཙང་གི་ཆུ་བོ་ཤར་དུ་བཞུར་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།