“འཕུར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་འཇོན་མིའི་གླེང་སྟེགས་སང་ཉིན་བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན་ནས་ཚེས14ཉིན་བར། “འཕུར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་འཇོན་མིའི་གླེང་སྟེགས་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྡུ་རྒྱུ་རེད། གླེང་སྟེགས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ། མཚོ་སྔོན་ཞིང་ཆེན་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་། ཀྲུང་གོའི་ཚན་རིག་མཐུན་ཚོགས་རྩ་འཛུགས་མི་དོན་པུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཆེད་མཁས་པའི་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས། “འཕུར་མདེལ་གཉིས་དང་སྲུང་སྐར་གཅིག”གི་ཕུགས་འདུན་སློབ་གསོའི་སློབ་གླིང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས། 

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི“རྒྱུད་འཛིན་དང་བྱས་རྗེས་འཇོག་པ། གསར་གཏོད་དེ་དུས་རབས་གསར་བའི་གོ་རིམ་གསར་བ་དང་འགན་འཁྲི་གསར་བ”ཡིན་ལ། དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན”གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས། རྒྱ་ཆེའི་ན་གཞོན་འཇོན་མིས“འཕུར་མདེལ་གཉིས་དང་སྲུང་སྐར་གཅིག”གི་ལོ་རྒྱུས་རིག་གནས་སློབ་སྦྱོང་ཁྲོད་ཡིད་ཆེས་དར་སྤེལ་དང་། བློ་འབྱེད་ཐོབ་པར་བྱེད་པ། སྟོབས་ཤུགས་བསྡུ་ལེན་བྱེད་པར་སློབ་གསོའི་སྣེ་ཁྲིད་དེ། “ཡིད་ཆེས་བཞི་སྲ་བརྟན”དུ་བཏང་ནས། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་དང་། གཏོང་ཕོད་ཀྱི་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དེ་ཡིན། དེའི་སྐབས་སུ། གླེང་སྟེགས་གཙོ་བོ་དང་ཚོགས་ར་གསུམ་གྱི་གླེང་སྟེགས་ཚོགས་རྒྱུ་ཡིན་ཞིང་། ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི་ན་གཞོན་འཇོན་མི་དང་ཁེ་ལས་པ་གདན་འདྲེན་ཞུ་བ་དང་། པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་གྱི་འབུམ་རམས་པའི་དགེ་སློབ་འཐུས་ཚབ། “འཕུར་མདེལ་གཉིས་དང་སྲུང་སྐར་གཅིག”གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱིས་འོས་སྦྱོར་བྱས་པའི་ན་གཞོན་འཇོན་མིའི་འཐུས་ཚབ། ཞིང་ཆེན་ཕྱི་ནང་གི་ཚོགས་ཞུགས་ཆེད་མཁས་པའི་འཐུས་ཚབ། དེ་མིན་ལས་གནས་སུ་ཡོད་པ་དང་། སྐབས་སྔོན་མའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མིའི་འཐུས་ཚབ(འབུམ་རམས་པའི་ཞབས་ཞུ་ཚོགས་པ)སོགས་ཀྱིས་འབྲེལ་ཡོད་བརྗོད་དོན་དང་འབྲེལ་ཏེ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།