ལིས་ཧུང་ཡཱ་ཡིས་ཁྲིམས་འཛིན་སྲིད་འཛིན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན་གྱི་སྔ་དྲོར། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡཱ་ཞིང་ཆེན་ཁྲིམས་འཛིན་ཐིན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་། བཀོད་འདོམས་ལྟེ་གནས། ཟི་ལིང་བཙོན་ཁང་དང་མདོ་བ་བཙན་ཤེད་ལོགས་བཀར་ཁང་བཅས་སུ་བསྐྱོད་དེ་ཁྲིམས་འཛིན་སྲིད་འཛིན་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས་པ་དང་གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་བྱས།

ལིས་ཧུང་ཡཱ་ཡིས་བསྟན་དོན། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ནི་ལས་སྒོའི་རང་བཞིན་ཤིན་ཏུ་ཆེ་བའི་ཆབ་སྲིད་ལས་ཁུངས་ཤིག་ཡིན་ལ། ཆབ་སྲིད་རང་བཞིན་ཤིན་ཏུ་ཆེ་བའི་ལས་སྒོའི་ལས་ཁུངས་ཤིག་ཀྱང་ཡིན། 2020ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་འགྲན་སློང་དྲག་པོར་ཁ་གཏད་གཅོག་པ་དང་། ཞིབ་བཤེར་གལ་ཆེན་དང་ལེན་བྱེད་པ། དཀའ་སེལ་ཡར་བརྩོན་མངོན་འགྱུར་བཅས་བྱས་ནས་རིམས་ནད་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

ལིས་ཧུང་ཡཱ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་ནས་ཆབ་སྲིད་ཀྱི་ལངས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཏན་ཏིག་གིས་ཆེ་རུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་འགན་ནུས་ཆེན་པོ་བཞི་ལ་དམ་པོར་དམིགས་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་བརྟན་ལྷིང་གི་རྩ་བ་དམ་པོར་བཟུང་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། དཔུང་སྡེ་འཛུགས་སྐྲུན་དང་ཏང་དོ་དམ་དང་ཉེན་རྟོག་ལ་བཅོས་སྐྱོང་བྱེད་པ། ཁྲིམས་འཛིན་ཚད་ལྡན་སོགས་ཀྱི་བྱ་བར་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་གྱི་དམག་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སློབ་གསོ་དག་ཐེར་ཁག་དང་པོར་ཕྱིར་མིག་ལྟ་བ་དང་སློབ་གསོ་དག་ཐེར་ཁག་གཉིས་པའི་བྱ་བ་ཚད་གཞི་མཐོན་པོའི་སྒོ་ནས་སྤེལ་འགོ་འཛུགས་པ། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔུང་སྡེ་སློབ་གསོ་དག་ཐེར་གྱི་ཕན་འབྲས་དེ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།