མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བ་གཟབ་རྒྱས་ངང་བསྡུ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། 2021ལོའི་ཐེན་ཡོའུ་ཏི་རྟགས་མའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བ་མཚོ་སྔོན་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུ་འགོ་བརྩམས། རྒྱལ་ནང་གི་ཆུ་ཚད་མཐོ་བའི་ལྕགས་རྟ་རུ་ཁག་གི་ལུས་རྩལ་པ་བརྒྱ་དང་དྲུག་སྐབས་འདིའི་ལྕགས་རྟ་འགྲན་སྡུར་ལ་ཞུགས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་འགྲན་སྡུར་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ཉིན་གཉིས་དང་མཉམ་དུ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བ་འགོ་རྩོམ་དུ་བཅུག ཞིན་ཁྲང་ཞིང་དང་དབྱང་ཉིན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། འགྲན་བསྡུར་འགོ་རྩོམ་པའི་ཚོགས་ཆེན་སྟེང་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་མནའ་འབྲེལ་གྱི་ཀྲུའུ་ཞི་ཏཱ་ཝེ.ལ་ཕ་ཏིས་ཨན་གྱི་ཤིས་ཚིག་སྒྲོག་འདོན་བྱས།

ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝུའུ་ཞའོ་ཅུན། ཁྲིན་རུའེ་ཧྥིན། ཀྲང་ཧོང་ཡོན། དབྱང་ཧྥིན་ཁྲུན། དབྱང་ཁི་ཞང་བཅས་འགོ་རྩོམ་མཛད་སྒོར་ཞུགས།

ཞིན་ཁྲང་ཞིང་གིས་ཤིས་ཚིག་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྐུ་མགྲོན་རྣམས་དང་ལུས་རྩལ་པ། དགེ་རྒན། ཤན་འབྱེད་པ། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་བཅས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤོབས་པ་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པའི་སྐབས་སུ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བ་བསྡུས། ལོ་ངོ་ཉི་ཤུའི་རིང་ལ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་ལྕགས་རྟ་འགྲན་སྡུར་ཡིན་པའི་ཆ་ནས། ལྗང་མདོག་དང་མི་གཞུང་། འཆམ་མཐུན། ཉམས་ཞིབ་ཀྱི་བརྗོད་དོན་སྲུང་འཛིན་བྱས་པ་དང་། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན་ཡིན་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ལ། ཆེད་ལས་ཅན་དང་ཚོང་ར་ཅན། རྒྱལ་སྤྱི་ཅན་གྱི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱས་པ་དང་། ལྗང་མདོག་གི་འདུ་ཤེས་བརྒྱུད་སྒྲོག་བྱས་པ་དང་། བདེ་ཐང་གི་འཚོ་བ་དར་སྤེལ་བཏང་ལ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བས། མཚན་སྙན་ཉིན་རེ་བཞིན་ཇེ་མཐོར་སོང་བ་དང་། དེའི་ཤན་ཤུགས་ཧ་ཅང་ཆེ།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། དེ་རིང་གི་མཚོ་སྔོན་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་འགྱུར་བཞིན་ཡོད་ལ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་། འཁྱག་དར་བཅས་ཀྱི་མ་ལག་བཅོས་སྐྱོང་ས་འདི་ནས་སྤེལ་འགོ་བརྩམས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ས་འདི་ནས་སྤེལ་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་ས་འདི་ནས་ལག་བསྟར་བྱས་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡང་ས་འདི་ནས་ཐོག་མར་ཚོད་ལྟ་བྱས་ལ། ལས་དོན་སྣ་ཚོགས་སྔར་མེད་འཕེལ་རྒྱས་སུ་བཏང་བ་དང་། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་སོང་ནས། བརྒྱ་ལོ་གཉིས་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་འཐབ་མདུན་སྐྱོད་བྱེད་བཞིན་ཡོད། མཚོ་སྔོན་པོ་དེ་རབ་མཛེས་མཚོ་སྔོན་གྱི་མིང་བྱང་གྲགས་ཅན་ཡིན་པའི་ཆ་ནས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་དངོས་ཀྱི་རིགས་སྣ་ཇེ་མང་དུ་སོང་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མྱོང་ཚོར་བྱེད་པའི་ཐད་ཀྱི་འགུལ་ཤུགས་ཆེན་པོ་ལྡན་པའི་གནས་སྐོར་དམིགས་འབེན་ས་ཆ་གྲས་ཀྱི་གཅིག་ཏུ་གྱུར། ཚང་མས་ལྗང་མདོག་སྐྱེ་ཁམས་ཀྱི་མཛེས་སྡུག་ཁོར་ཡུག་ཁྲོད་དང་ལྕགས་རྟའི་ལྗང་མདོག་ཐཱན་ཉུང་གི་འགུལ་སྐྱོད་རྣམ་པའི་ཁྲོད། ལྕགས་རྟ་འགྲན་སྡུར་གྱི་མགྱོགས་ཚད་དང་སྤྲོ་བ་དང་། རིག་སྟོབས་དང་སྦས་ཤུགས། རྩལ་འགྲན་དང་སྙིང་སྟོབས། གཟི་བརྗིད་དང་ཕུགས་འདུན་མྱོང་ཚོར་བྱེད་པ་དང་། རབ་མཛེས་མཚོ་སྔོན་གྱི་མཚར་སྡུག་དང་ཁོད་ཡངས་དང་། རང་བྱུང་དང་མི་གཞུང་ལ་མྱོང་ཚོར་བྱས་ནས། རང་བྱུང་སྐྱེ་ཁམས་ཁྲོད་འདྲེས་པར་བྱེད་པ་དང་མཐོ་སྒང་གི་རིག་གནས་ལ་རྒྱུས་ལོན་བྱེད་པ། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལུས་རྩལ་དང་སྐྱེ་ཁམས། གནས་སྐོར། རིག་གནས་བཅས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ལམ་བུ་གལ་ཆེན་དུ་བརྩིས་ཏེ། ཧུར་ཐག་གིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་ཆུ་ཚད་གསར་བ་དང་མཐོ་ཚད་གསར་བ་རུ་བསྒྲུབ་པ་དང་། མཛེས་སྡུག་གི་ཀྲུང་གོར་བྱས་རྗེས་འཇོག་པ་དང་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཁ་དོག་སྣོན་རྒྱུ་ཡིན་ཟེར།

ཏཱ་ཝེ.ལ་ཕ་ཏིས་ཨན་གྱིས་ཤིས་ཚིག་ནང་བཤད་རྒྱུར། 2021ལོའི་རྒྱལ་སྤྱིའ་ལྕགས་རྟ་མནའ་འབྲེལ་གྱི་ཡ་གླིང་སྐོར་སྐྱོད་འགྲན་སྡུར་གྱི་ཀྲུང་གོའི་འགྲན་སྡུར་ཆེན་པོ་གསུམ་གྱི་འགྲན་སྡུར་ཐོག་མ་སྟེ་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་ནི་ཁྱད་དུ་འཕགས་པ་ཞིག་ཡིན། ལོ་ངོ་མང་པོའི་རིང་ལ། འགྲན་སྡུར་བདེ་བླག་ངང་བསྒྲུབས་པ་དེ་ཕུལ་དུ་བྱུང་བའི་རྩ་འཛུགས་ལ་རག་ལས་པ་དང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་མཐུད་འབད་འཐབ་དང་སྣེ་ཁྲིད་འོག མཚོ་སྐོར་འགྲན་སྡུར་གྱིས་འཛམ་གླིང་ལ་འབད་འཐབ་དང་སྒོ་འབྱེད། མཛེས་སྡུག་གི་མཚོ་སྔོན་ཞིག་འགྲེམ་སྟོན་བྱས་པར་བཀའ་དྲིན་ཞུ་འོས། ལོ་ཉི་ཤུའི་རིང་ལ། མཚོ་སྐོར་འགྲན་སྡུར་རྒྱུན་མཐུད་ངང་བསྡུས་པ་དེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་རྒྱབ་སྐྱོར་ཆེན་པོར་ཁ་འབྲལ་ཐབས་མེད། དེ་དང་མཉམ་དུ་ཀྲུང་གོའི་ལྕགས་རྟ་ལུས་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོ་དང་ས་ཁུལ་གཞན་པའི་ལྕགས་རྟའི་ལུས་རྩལ་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་འཐབ་ལྷོད་མེད་བྱས་པར་བཀའ་དྲིན་ཞུ་ཟེར།

དབྱང་ཉིན་གྱིས་ཤིས་ཚིག་ནང་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བྱས་པ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་ལུས་རྩལ་དང་རིག་གནས་གནས་སྐོར་ཉོ་ཚོང་མཉམ་བསྲེས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ལམ་བུ་གསར་བ་འཚོལ་ཞིབ་བྱས་པས། ཀྲུང་གོ་དང་ཐ་ན་འཛམ་གླིང་ལྕགས་རྟ་ལུས་རྩལ་གྱི་དགའ་སྟོན་ཆེན་པོར་གྱུར་ཡོད་པ་དང་། མཚོ་སྔོན་གྱིས་སྒོ་འབྱེད་རྒྱ་བསྐྱེད་པ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། བརྗེ་རེས་ལ་སྐུལ་འདེད་གཏོང་བའི་མིང་བྱང་གལ་ཆེན་དུ་གྱུར་ཡོད་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ལུས་རྩལ་ཚོང་རྟགས་མིང་གྲགས་འཛུགས་སྐྲུན་བྱས། རྒྱལ་ཁབ་ཕྱི་ནང་ལ་མཚོ་སྔོན་མཐོ་སྒང་གི་ཕུན་སུམ་ཚོགས་པའི་རང་བྱུང་དང་ལོ་རྒྱུས། མི་གཞུང་ཐོན་ཁུངས་འགྲེམ་སྟོན་བྱས་པ་མ་ཟད། མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འཆམ་མཐུན་དང་འབད་འཐབ་ལྷོད་མེད་བྱས་པའི་སྙིང་སྟོབས་འགྲེམ་སྟོན་བྱས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།