རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མེན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་གྱི་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་བར་དུ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཏང་ཙུའུ་ཁོངས་མི་ཚའོ་ཅན་མེན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁྲིམས་འཛུགས་བྱ་བར་ཆེད་དོན་རྟོག་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་རྟོག་ཞིབ་བྱེད་རོགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་རྟོག་ཞིབ་བྱེད་རོགས་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་རྟོག་ཞིབ་བྱེད་རོགས་བྱས་པར་མ་ཟད་མཚོ་སྔོན་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུ་ཕུལ།

བཞུགས་མོལ་ཚོགས་འདུའི་སྟེང་དུ་རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་གནས་ཚུལ་སྙན་ཞུར་ཉན། ཚའོ་ཅན་མེན་གྱིས་ཚང་མའི་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། མཚོ་སྔོན་ནི་མི་རིགས་སྣ་མང་འདུས་སྡོད་བྱེད་ས་དང་ཆོས་ལུགས་སྣ་མང་མཉམ་གནས་བྱེད་ས། རིག་གནས་སྣ་མང་མཉམ་འདྲེས་བྱེད་སའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཟིན་ཚད་ཆེས་མཐོ་བའི་ཞིང་ཆེན་ཞིག་དང་མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་ཞིན་ཅང་དང་བོད་ཁུལ་བརྟན་འཇགས་ཡོང་བར་བྱེད་པའི་འགག་སྒོ་གལ་ཆེན་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་གྱི་ལེའུ་གསར་པ་བརྩམས། ང་ཚོས་མཚོ་སྔོན་གྱི་བྱ་བའི་ཉམས་མྱོང་བཟང་བོར་སྤྱི་སྡོམ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བླང་བྱ་གསར་པར་འཚམ་མཐུན་ཡོང་བར་འབད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།