ཝུའུ་ཞོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅུན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་དགོན་སྡེའི་དོ་དམ། གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པ་གཙོ་ཐིག་ཏུ་བྱས་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ། མི་རིགས་ཁག་གི་འབྲེལ་འདྲིས་དང་བརྗེ་རེས་ལ་སྐུལ་འདེད་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེ་བའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུམ་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་བཅས་ཀྱི་ངོས་འཛིན་ལ་ཤུགས་རྒྱབ་སྟེ། སྤྱི་ཚོགས་རང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

ཝུའུ་ཞོ་ཅུན་སྔ་གཞུག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བཞུགས་ཤག་དང་བིས་མདོ་དགོན་ཆེན། ཅེ་ཙི་དབྱི་སི་ལན་དགོན་པ་བཅས་སུ་སོང་ནས་དགོན་སྡེའི་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཅེས་དང་རང་གི་གྲུབ་མཐའི་སྲོལ་རྒྱུན་ཡག་པོ་རྒྱུན་འཁྱོངས་ཡག་པོ་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཆོས་ལུགས་ཁག་གི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཆོས་ལུགས་དང་སྤྱི་ཚོགས་རང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་བྱེད་དགོས།

ཅེ་ཙི་གྲོང་རྡལ་གྱི་རྔ་མོང་ཆུ་མགོ་དང་ཟ་ལར་དམངས་སྲོལ་རིག་གནས་ཐོན་ལས་གླིང་དུ་སོང་ནས་ཝུའུ་ཞོ་ཅུན་གྱིས་ཟ་ལར་རིགས་ཀྱི་ལོ་རྒྱུས་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ངོ་སྤྲོད་ལ་ཉན། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་འཁོར་པའི་ལོ་རེད། རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་ཀྲུང་དབྱང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཀའ་དྲིན་དྲན་པར་སྐུལ་སློང་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གྱི་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་གྱི་རང་ནུས་ལ་བསྟེན་ནས་འཕེལ་རྒྱས་སུ་འགྲོ་བའི་ནུས་པ་དང་རྒྱུན་འཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་ནུས་པར་ཤུགས་རྒྱབ་ནས་མི་རིགས་ཁག་མཉམ་དུ་འབྱོར་ཕྱུག་ལྡན་པའི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

ཁྲ་ཧན་ཏུའུ་སི་ཡུལ་ཚོའི་ཧོང་ཀོང་གོང་མ་སྡེ་བའི་ཧོང་ཀོང་དབྱི་སི་ལན་དགོན་པ་དང་དམར་དམག་སློབ་ཆུང་། ནུབ་ལམ་དམར་དམག་དྲན་གསོ་ཁང་བཅས་སུ་སོང་ནས་དམར་དམག་གི་དཔའ་བོ་རྣམས་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་སེམས་འགུལ་ཐེབས་པའི་རྗེས་ཤུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་དམར་བོའི་ཐོན་ཁུངས་ལེགས་པར་སྤྱོད་པ་དང་། ཏང་གི་དཔའ་བོའི་གཏམ་རྒྱུད་ཡག་པོར་འཆད་པ། མཚོ་སྔོན་གསར་བའི་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ་བཅས་ཀྱི་གཏམ་རྒྱུད་ལེགས་པར་འཆད་བཞིན་དུས་རབས་གསར་བའི་རྒྱང་སྐྱོད་གསར་བའི་ལམ་ཆེན་སྟེང་ཤུགས་ཀྱིས་བསྐྱོད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།