ལྷག་བསམ་དཀར་ལ་གཏོང་ཕོད་ཆེ་བའི་བསོད་ནམས་ཚེ་རིང་གི་བླ་མེད་སྤྱོད་བཟང་།

རིག་པའི་སྒོ་མོར་ཤེས་རབ་སྒྲོན་མེ་སྦར། །བསགས་པའི་ནོར་ཀུན་ཕངས་མེད་དབུལ་པོར་སྦྱིན། །གཉོམ་ཆུང་ཚེ་སྲོག་ཕྲ་མོ་སྐྱོབ་ལ་འབད། །དགེ་བའི་ལས་འདིར་ཅིས་ཀྱང་བསྟོད་པར་འོས། །

དབྱར་ཟླ་དྲུག་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་མུ་མཐའ་མེད་པའི་རྩྭ་ཐང་ཉི་འོད་ཀྱིས་བརྒྱན་ཞིང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་འདུག་ལ། གཡང་དཀར་ལུག་དང་ནོར་གནག་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་སུ་རྒྱུ་བཞིན་འདུག

གསར་འགོད་པ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་འབྲེལ་ཡོད་ལས་བྱེད་པའི་སྣེ་ཁྲིད་འོག དེ་སྔ་ཞིང་ཆེན་ཡོངས་སུ་མིང་དུ་གྲགས་བཞིན་པའི་གཏོང་ཕོད་ཆེ་ལ་ལྷག་བསམ་དཀར་བའི་ཏང་ཡོན་བསོད་ནམས་ཚེ་རིང་ཚང་ལ་བཅར་འདྲིར་ཕྱིན་པ་ཡིན། ཁོ་ཚང་གི་ལྷས་ར་གྲུ་བཞིའི་ནང་སླེབས་དུས། གདོང་ཅུང་ནག་ལ་དམར་ཤ་རྒྱས་པ། གཟུགས་སྟོབས་ཆུང་བའི་སྐྱེས་པ་སྐྱེས་མ་གཉིས་ཀྱིས་ལག་ཏུ་ཁ་བཏགས་དཀར་པོ་རེ་བཟུང་ནས་ང་ཚོར་སྣེ་ལེན་བྱས་སོང་། མ་གཞིར་མི་དེ་གཉིས་ནི་བསོད་ནམས་ཚེ་རིང་བཟའ་ཟླ་གཉིས་རེད། ཁོ་གཉིས་ཀྱི་ལྷད་མེད་ཀྱི་འཛུམ་མདངས་ལས་དྭངས་གཙང་གི་རང་གཤིས་དེ་ངང་གིས་ཚོར་ཐུབ། ཁོ་ཚང་གི་གྱང་ངོས་སུ་བསོད་ནམས་ཚེ་རིང་གི་གཟེངས་བསྟོད་རྟགས་མ་དང་བྱ་དགས་ཁེངས་ཡོད་པར་བལྟས་ན། སེམས་སུ་བརྗོད་དཀའ་བའི་ཚོར་བ་ཞིག་དང་བསོད་ནམས་ཚེ་རིང་ནི་ཅི་འདྲའི་བླ་ན་མེད་པའི་མི་ཞིག་རེད་ཅེས།

བསོད་ནམས་ཚེ་རིང་ལགས་ནི1968ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་ཁིས་སིན་ཞང་རྒྱ་མཁར་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། 1991ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་ན། མ་བསྐུལ་དང་བླངས་སྒོས་རྫོང་དང་རྒྱང་ཐག་ཆེས་རིང་ལ་ཆ་རྐྱེན་ཆེས་ཞན་པའི་མདོ་གསུམ་ཞང་གི་བཅའ་སྡོད་སློབ་ཆུང་དུ་དགེ་རྒན་བྱས་ཤིང་། ལོ་གསུམ་གྱི་རྗེས་སུ་སློབ་གསོའི་བྱ་བའི་དགོས་མཁོའི་དབང་གིས་ཕ་ཡུལ་ཁིས་སིན་ཞང་བཅའ་སྡོད་སློབ་ཆུང་དུ་ལས་གནས་སྤོས་ཏེ། 2015ལོའི་བར་དུ་དགེ་རྒན་དང་སློབ་གཙོ་བཅས་ཀྱི་འགན་བཞེས་ཏེ་སློབ་གསོའི་བྱ་གཞག་ཧུར་ཐག་གིས་བསྒྲུབས་པས། སློབ་གྲྭའི་ཕྱི་ཡི་ཆ་རྐྱེན་ཏེ་སློབ་ཁྲིད་ཐོག་ཁང་དང་མལ་ཁང་། ལུས་རྩལ་ར་བ་བཅས་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། སློབ་ཁྲིད་སྒྲིག་ཆས་སྣ་ཚོགས་སྒྲིག་བཀོད་བྱས་ལ། དགེ་སློབ་བརྩེ་བས་བསྐྱངས་པས་ས་གནས་སློབ་གསོར་སྔར་ལས་ལྷག་པའི་ཡར་རྒྱས་ཆེན་པོ་འབྱུང་དུ་བཅུག་པར་མ་ཟད། བསྟུད་མར་ལོ10རིང་ལ་རྫོང་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བཟང་པོ་ཞིག་བླངས།

“ང་རང་སློབ་གྲྭ་དེར་ཐོན་དུས། སློབ་གྲྭ་དེ་གའི་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཧ་ཅང་ཞན། དེ་བས་ངས་སློབ་གྲྭའི་འཛུགས་སྐྲུན་ཐད་ལ་ཤུགས་རྒྱག་མགོ་བརྩམས་པ་ཡིན”བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད་རྗེས། ལོ་མང་པོ་འགོར་བའི་ཁུག་མ་རལ་པོ་ཞིག་གི་ནང་ནས་ཤོག་ལྷེ་མང་པོ་ཞིག་ཕྱིར་བཏོན་ཏེ། སློབ་གྲྭ་འཛུགས་སྐྲུན་ཕྱོགས་ཀྱི་ལག་བྲིས་བྱས་པའི་ཇུས་འགོད་རི་མོ་འགའ་གསར་འགོད་པར་བསྟན་ནས་རེ་རེ་བཞིན་མཚམས་སྦྱོར་བྱས་བྱུང་། ཤོག་ལྷེ་དེ་དག་ལས་བསོད་ནམས་ཚེ་རིང་གི་སློབ་གསོ་གོང་འཕེལ་ཐད་བཞག་པའི་བྱས་རྗེས་དང་རྔུལ་ཁྲག་གང་མང་ཞིག་བཏོན་པ་གསལ་པོར་རྟོགས་ཐུབ།

2004ལོར། བསོད་ནམས་ཚེ་རིང་གིས་རང་གི་ཆུང་མ་བསོད་ནམས་སྒྲོལ་མ་ལས་ཞུགས་བྱེད་སའི་འཕྲོད་བསྟེན་ཁང་དུ་མིང་ལ་རིན་སྒྲོན་ཟེར་བའི་ནད་པ་ཞིག་ལ་སྨན་རིན་སྟེར་རྒྱུ་མེད་པའི་གནས་ཚུལ་དེ་ཤེས་རྗེས། མ་བསྐུལ་དང་བླངས་ཀྱིས་སྒོར700ལྷག་འཕྲོད་བསྟེན་ཁང་དུ་བསྐྱལ་ནས་ནད་པ་རིན་སྒྲོན་གྱི་སྨན་རིན་སྤྲད། དུས་དེ་ནས་བཟུང་བསོད་ནམས་ཚེ་རིང་དངོས་སུ་གཞན་ཕན་རོགས་སྐྱོར་གྱི་ལས་ལ་ཞུགས་མགོ་བརྩམས། བསོད་ནམས་ཚེ་རིང་གིས་བཤད་རྒྱུར། “ངས་དང་ཐོག་ཁིས་སིན་ཞང་ལ་ཁ་གཏད་དེ་རོགས་སྐྱོར་བྱས་པ་ཡིན།གཙོ་བོ་སྨན་ཁང་དུ་སྡོད་དཀའ་བའི་ནད་པ་དང་རང་ལ་བདག་སྐྱོང་བྱེད་མི་ཐུབ་པའི་དབང་པོ་སྐྱོན་ཅན། ཆ་རྐྱེན་ཞན་པའི་དབུལ་ཕོངས་སློབ་མ་དག་ལ་རོགས་རམ་བྱས་པ་ཡིན།”

ལོ་མང་པོ་ཞིག་གི་རིང་ལ།ཁིས་སིན་ཞང་གི་སློབ་གསོ་གོང་འཕེལ་གྱི་དོན་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། དཀའ་ལས་དཀའ་ཚེགས་གང་མང་མྱངས་པ་བརྒྱུད།ཁོའི་ལུས་ལ་མི་འདོད་པའི་ནད་རིགས་སྣ་ཚོགས་བྱུང་བས། 2015ལོར་ལས་འཁྱུར་ངལ་གསོ་མི་བྱེད་ཐབས་མེད་བྱུང་།

བསོད་ནམས་ཚེ་རིང་གིས་ལས་འཁྱུར་ངལ་གསོ་བྱས་ནའང་། ཁོས་གཞན་ལ་རོགས་སྐྱོར་བྱེད་པའི་སྲོལ་བཟང་དེ་མཚམས་མ་བཞག་པར། ཁིས་སིན་ཞང་ནས་རིམ་བཞིན་རྫོང་ཡོངས་ཀྱི་ཡུལ་ལུང་སོ་སོར་སོང་སྟེ་དབུལ་ཕོངས་མང་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་རོགས་སྐྱོར་གྱི་ལས་ལ་བྲེལ།“ང་རང་ས་ཆ་གང་དུ་སོང་རུང་། དཀའ་ཁག་ཡོད་པའི་མི་དང་འཕྲད་ཚེ། མི་རིགས་ལ་དབྱེ་བ་མེད་པ་དང་ཉེ་རིང་མེད་པར་རོགས་སྐྱོར་བྱས་པ་ཡིན། འདི་དག་ཐམས་ཅད་ང་རང་གཅིག་པུས་བྱས་པ་ཞིག་མ་ཡིན་པར། ཆུང་མ་བསོད་ནམས་སྒྲོལ་མས་འཁང་ར་ཅི་ཡང་མེད་པར་རྒྱབ་སྐྱོར་བྱས་པར་འབྲེལ་བ་ཆེན་པོ་ཡོད”ཅེས་བསོད་ནམས་ཚེ་རིང་གིས་སེམས་རྣལ་མོས་བཤད་བྱུང་།

བསོད་ནམས་ཚེ་རིང་གི་གཏོང་ཕོད་ཆེ་བའི་བླ་མེད་ཀྱི་སྤྱོད་བཟང་དེར་བསྟོད་བསྔགས་མི་བྱེད་མཁན་མང་ལ། ཁོའི་གཏོང་ཕོད་ཆེ་བའི་སྙིང་སྟོབས་དེ་ཁས་མི་ལེན་མཁན་ཤིན་ཏུ་ཉུང་།

གཞན་ལ་རོགས་སྐྱོར་བྱེད་པའི་སྲོལ་བཟང་དེ་བསོད་ནམས་ཚེ་རིང་ལ་མཚོན་ནས་བཤད་ན། མི་ཚེའི་ཁ་ཕྱོགས་ཤིག་དང་དམིགས་འབེན་ཞིག་ཏུ་གྱུར་ཡོད། ཁོས་ལོ་བཅུའི་སྔོན་དུ་སྒོར་ཁྲི100ཞལ་འདེབས་སུ་གཏོང་བའི་འཆར་གཞི་བཟོས་པ་དེ་ད་ལྟ་འགྲུབ་ལ་ཉེ་ཞིང་། མིག་སྔའི་བར་དུ་སྒོར938250ཞལ་འདེབས་སུ་ཕུལ་ཚར་བ་རེད།དེའི་ཁྲོད་སློབ་གསོའི་ཕྱོགས་ལ་སྒོར372700དང་དབུལ་སྐྱོར་གྱི་ཕྱོགས་ལ་སྒོར92300དང་། དབང་པོ་སྐྱོན་ཅན་གྱི་ཕྱོགས་ལ་སྒོར355000རོགས་སྐྱོར་བྱས་ཡོད་པར་མ་ཟད། པྲོག་གསར་གློ་ཚད་རིམས་འགོག་གི་སྐབས་སུ་ཝུའུ་ཧན་མི་དམངས་ལ་སྒོར110000ཞལ་འདེབས་སུ་ཕུལ་བ་དེ་མི་མང་པོ་ཞིག་གི་སེམས་སུ་བརྗེད་མེད་གསལ་ལེར་ཡོད་པ་རེད།

བསོད་ནམས་ཚེ་རིང་གིས་བཤད་རྒྱུར།“ཞལ་འདེབས་དངུལ་སྒོར་ཁྲི100རུ་སླེབས་པར་ད་དུང་སྒོར་ཁྲི་དྲུག་ལྷག་ཆད་འདུག སྒོར་ཁྲི་དྲུག་ལྷག་པོ་དེ་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ཉིན་མོའི་བར་དུ། 100ཅན་དྲུག་ཏུ་བགོས་ནས་ཞལ་འདེབས་སུ་འབུལ་རྩིས་ཡོད།”

མི་ལ་ལས་ཁོ་ལ་ཀུ་རེའི་ཚུལ་གྱིས“བསོད་ནམས་ཚེ་རིང་གི་ལག་ཏུ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཞིག་ཐོན་ཡོད་པ་འདྲ”ཟེར་ལ། ལ་ལས“ཁོ་ནི་སྙིང་རྗེ་ཅན་གྱི་མི་བཟང་ཞིག་རེད”ཅེས་གདེང་འཇོག་བྱེད་ཀྱིན་འདུག

གང་ལྟར་བསོད་ནམས་ཚེ་རིང་ནི་གཞན་ལ་ཕན་པར་འདོད་པའི་མི་དམངས་དགེ་རྒན་དཔེ་ལེགས་ཅན་དང་མི་དམངས་ལ་སྲི་ཞུ་སྒྲུབ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་ས་གནས་མང་ཚོགས་ཀྱིས་མ་གྲོས་གཅིག་མཐུན་སྒོས་ཁས་འཆེ་དང་མོས་གུས་བྱེད་ཀྱིན་འདུག

བསོད་ནམས་ཚེ་རིང་གིས་བཤད་རྒྱུར། “ངས་མཐོ་སྒང་གི་ཆེས་དཀའ་ཁག་ཡོད་པའི་ས་གནས་ནས་ལོ་ངོ30རིང་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་དང་ལོ་བཅུ་ཕྲག་ཁ་ཤས་རིང་གི་གཞན་ལ་རོགས་སྐྱོར་བྱས་པའི་ལས་ཀ་འདི། ང་དང་ཆུང་མ་བསོད་ནམས་སྒྲོལ་མ་གཉིས་ཀྱིས་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་དུས་བཟང་འདི་དང་བསྟུན་ནས། ཏང་དང་མེས་རྒྱལ། མི་དམངས་བཅས་ལ་ཕུལ་བའི་སེམས་འདུན་དང་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་ཡིན”ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།