མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ལོ་ངོ་བརྒྱའི་མཚར་སྡུག་ལ་ཕྱིར་དྲན་དང་རླབས་ཆེན་གྱི་བགྲོད་ལམ་གསར་པར་རྒྱང་ལྟ་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མཛེས་སྡུག་གི་མ་འོངས་པ་གསར་འབྱེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་བར་ཧུར་ཐག་གིས་སྐུལ་སློང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་ཚབ་པ་སངས་རྒྱས་སྐྱབས་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཟི་ལིང་གྲོང་ཁྱེར། མགོ་ལོག་ཁུལ་པད་མ་རྫོང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་བཅས་ཀྱི་འཐུས་ཚབ་པས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་དོན་སྙིང་ཆེན་པོ་ལྡན་པའི་ཁར། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་བརྒྱུད་རིམ་ཡོངས་སུ་ཁྱབ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་འགྱུར་མེད་ཀྱི་ཆོད་སེམས་ཁྲོད་སྟར་ལ་བརྒྱུས་པ་དང་། དཀའ་སྤྱད་སྡུག་རུས་དང་དུས་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་པའི་བློ་སྤོབས་ཁྲོད་སྟར་ལ་བརྒྱུས་ཡོད་པས། རང་རེའི་ཏང་གི་ལོ་རྒྱུས་ལྟ་བ་དང་གསར་བརྗེའི་ལྟ་བ། མི་དམངས་ལྟ་བ། འཕེལ་རྒྱས་ལྟ་བ། འཛམ་གླིང་ལྟ་བ། སྲིད་སྐྱོང་ལྟ་བ་བཅས་གཅིག་བསྡུས་དང་གང་ལེགས་ཀྱིས་མཚོན་ཡོད། སྔ་མཐུད་ཕྱི་སྐྱོང་དང་མ་འོངས་གསར་གཏོད་ཀྱི་སྒོ་ནས་ཏང་བཙུགས་ནས་ལོ་འཁོར་བརྒྱ་འགོར་བའི་རིང་གི་བརྒྱུད་རིམ་ལ་ཕྱིར་དྲན་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་བཙོ་སྦྱང་བྱས་པ་དང་། མཛེས་སྡུག་གི་མ་འོངས་པ་གསར་པ་འབྱེད་པའི་འབོད་སྐུལ་བཏང་བ་ནི། སྔོན་གྱི་བྱ་བ་མུ་མཐུད་ནས་རྒྱུན་འཁྱོངས་དང་བདེ་སྡོད་ཉེན་བསམ་བྱེད་པ། མིག་རྒྱང་རིང་ལ་དམ་བཅའ་འགྱུར་བ་མེད་པ། སྲ་བརྟན་སྟོབས་ལྡན་དང་ཡིད་ཆེས་ཀྱིས་ཁེངས་པ། མི་སེམས་ལ་སྤོབས་པ་དང་སྐུལ་མ་ཐེབས་པ། ལོ་རྒྱུས་མིག་དཔེར་བཟུང་ཡོད་ལ་ལས་དོན་ལ་ཁ་ཕྱོགས་བསྟན་ཡོད་པ། མི་སེམས་དང་མཐུན་ཞིང་དམངས་ཀྱི་རེ་ལྟོས་དང་མཐུན་པ། བསམ་བློ་གཏིང་ཟབ་ལ་གནས་ལུགས་ཀྱིས་ཁེངས་པ་བཅས་ཡིན་པས། ཤུགས་དྲག་པོའི་གཞུང་ལུགས་ཀྱི་ཡིད་དབང་འགུག་ནུས་དང་བསམ་བློའི་གཡོ་འགུལ་ནུས་པ་དང་དུས་རབས་ཀྱི་སྣེ་ཁྲིད་ནུས་པ་ལྡན་ལ། དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། ཕུན་སུམ་ཚོགས་ལ་འཕེལ་རྒྱས་བྱུང་བའི་དེང་གི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྣེ་ཁྲིད་དང་མཛུབ་སྟོན་བྱས་ནས་བརྟན་བརླིང་རྒྱང་སྐྱོད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་རྩ་བའི་སྙིང་པོ་དང་ལག་ལེན་བླང་བྱ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས་ལ།“རླབས་ཆེན་བཞིའི་གྲུབ་འབྲས”ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་འབྲས་བུ་ཡིན། “ངེས་པར་དགུ”ནི་ཀྲུང་གོ་གུང་ཁྲན་ཏང་མིས་མཐུན་སྒྲིལ་སྒོས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁ་ནས་རྒྱལ་ཁར་བསྐྱོད་པའི་སྟོབས་ཆེ་བའི་བསམ་བློའི་དྲག་ཆས་ཡིན་ལ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་ནི་བགྲོད་ལམ་གསར་པའི་དུས་རབས་ཀྱི་བརྗོད་གཞི་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཡོངས་ཀྱི་བརྗིད་ཉམས་ལྡན་པའི་འབོད་སྐུལ་ནི་ང་ཚོས་ལག་བསྟར་བྱེད་དགོས་པའི་འགན་འཁྲི་ཡིན་པས། ལྷག་བསམ་རྣམ་དག་གིས་དེ་ལ་སློབ་སྦྱོང་བྱེད་དགོས་པ་དང་། ལོ་ངོ་བརྒྱའི་རིང་གི་ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་གསར་གཏོད་བྱས་ནས་གྲུབ་པའི་བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་འཁུར་བ། རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རླབས་ཆེ་བའི་ཏང་འཛུགས་ཀྱི་སྙིང་སྟོབས་དང་། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འབད་བརྩོན་བྱས་ནས་གྲུབ་པའི་རླབས་ཆེན་སྙིང་སྟོབས་རབ་དང་རིམ་པ་དང་ལྷན་དུ་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས། འགན་འཁྲི་ཡིད་ལ་བཅངས་ནས་ཐོག་མའི་བསམ་འདུན་ཐོབ་སླ་ཡང་གཏན་དུ་སྲུང་དཀའ་བའི་སེམས་ཁྲལ་འདུ་ཤེས་ཀྱིས། འདས་པའི་དུས་ལ་ང་ཚོར་ཅིའི་ཕྱིར་རྒྱལ་ཁ་ཐོབ་པ་ཤེས་དགོས་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་ནས་རྒྱལ་ཁ་ལེན་ཐུབ་པ་ཤེས་དགོས། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་ནམ་ཡང་བརྟན་སྲུང་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ནམ་ཡང་རྒྱུན་འཁྱོངས། རྩ་བ་སྲ་བརྟན་དང་དྲང་སྲུང་གསར་གཏོད་གཞི་གཅིག་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་རླབས་ཆེ་བའི་གསར་བརྗེའི་སྙིང་སྟོབས་ནམ་ཡང་དར་སྤེལ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན”ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ།“འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”བརྟན་པོ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། རང་རེའི་ཏང་ནི་གཏན་དུ་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བ་དང་མགོ་ཁྲིད་བརྟན་པོའི་སྲོག་ཤིང་ཡིན་པ་ཁག་ཐེག་བྱེད་དགོས། འགན་འཁྲི་ཡིད་ལ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་མཐའ་གཅིག་ཏུ་ཚུར་སྣང་བྱས་ཏེ་ལག་བསྟར་བྱེད་པ་དང་། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཏང་གི་བུ་ཕྲུག་བཟང་པོ་བྱེད་པའི་ཐད་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་པ་དང་། ཏང་གི་ཕུགས་འདུན་དད་སེམས་ལ་གཏན་དུ་འབད་བརྩོན་བྱེད་པ་དང་། འབད་པ་ལྷོད་མེད་བྱེད་པའི་ཐད་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་།ཧུར་ཐག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ཐད་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་དགོས། ཏང་དང་རྒྱལ་ཁབ་ལ་དྲིན་འཇལ་བ་དང་སྤྱོད་གཙང་གཞུང་དྲང་ཡོང་བ། ཀུན་སྤྱོད་ལེགས་པོ་བཅས་ཀྱིས་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་དགོས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་། དུས་རབས་གསར་པར་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བའི་ཐད་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་དགོས། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཁ་ཕྱོགས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པའི་ཐད་སྔར་ལས་གཟི་བརྗིད་བརྩོན་ལེན་བྱེད་དགོས།

ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་གང་ལེགས་བྱས་ནས་གོ་དོན་མཐིལ་རྟོགས་བྱེད་དགོས། བསླབ་པ་དང་བསམ་པ། ལག་ལེན་དང་གོ་རྟོགས་ཁྲོད་སྔར་ལས་རང་རྟོགས་སྒོས་ཏང་ལ་བློ་དཀར་བར་ཤུགས་སྣོན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། བསླབ་པ་དང་བསམ་པ། ལག་ལེན་དང་གོ་རྟོགས་ཁྲོད་སྔར་ལས་རང་རྟོགས་སྒོས“རྒྱལ་ཁབ་ཀྱི་དོན་ཆེན”ལག་ལེན་བྱེད་པ་དང་། འཐུས་ཚང་དང་ཡང་དག་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་གསར་པའི་གནས་བབ་འཛུགས་སྐྱོང་བྱེད་པའི་ཁྲོད་མཚོ་སྔོན་གྱི་གནད་མཚམས་གཏན་འཁེལ་གསལ་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་དང་།“ས་གནས་བཞི”འཛུགས་སྐྲུན། དམངས་འཚོའི་བདེ་སྐྱིད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ་སོགས་གནད་ཆེའི་བྱ་བའི་བཀོད་སྒྲིག་འཆར་འགོད་ལེགས་པོ་བྱེད་པ་དང་ནན་གྱིས་འཛིན་པ་ལག་ལེན་དངོས་འབེབས་བྱེད་དགོས། བསླབ་པ་དང་བསམ་པ། ལག་ལེན་དང་གོ་རྟོགས་ཁྲོད་འགན་འཁྲིའི་སྤྱོད་པ་སྔར་ལས་རང་རྟོགས་སྒོས་མངོན་ཏེ། སྔར་ལས་བློ་སྤོབས་ཆེ་བའི་བསམ་པའི་རྣམ་པ་དང་འབད་འཐབ་སྙིང་སྟོབས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བ་དང་། བརྩོན་པ་ལྷུར་ལེན་དང་དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྱད་བསད་དང་གསར་སྐྲུན་རྒྱ་བསྐྱེད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་ཧུར་བརྩོན་གྱིས་འབྲི་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།