ཨ་ཆེན་གངས་རྒྱབ་ནས་མིའི་ཐབས་ཀྱིས་རོགས་སྐྱོབ་བྱས་པའི་གཙོད5རང་བྱུང་ཁམས་སུ་གློད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས7ཉིན། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་དུ་སྙན་ཞུ་ལེགས་འགྲུབ་བྱུང་རྗེས་ཀྱི་ལོ་འཁོར4ལོན་པའི་སྐབས་འདིར། ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱིས་ཨ་ཆེན་གངས་རྒྱབ་བསྐོར་སྐྱོད་ཞིབ་བཤེར་རུ་ཁག་གིས་གཟན་ཆས་བྱིན་ནས་གསོས་པ་དང་རོགས་སྐྱོབ་བྱས་པའི་གཙོད5རང་བྱུང་ཁམས་སུ་གློད་པ་རེད།

ཟླ7པའི་ཚེས7ཉིན། ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱིས་གཙོད5རང་བྱུང་ཁམས་སུ་གློད། 

3.jpg

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ལྷུན་གྲུབ་ཚེ་རྒྱལ་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིར་རང་བྱུང་ཁམས་སུ་གློད་པའི་གཙོད2ནི་ཕོ་དང་གཙོད3ནི་མོ་ཡིན་ལ། བསྐོར་སྐྱོད་ཞིབ་བཤེར་རུ་ཁག་གིས2018ལོ་ནས2020ལོའི་བར་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚེའུ་ཉེ་འགྲམ་དུ་བསྐྱབས་པ་ཡིན། རང་བྱུང་ཁམས་སུ་མ་གློད་ཡར་སྔོན་དུ། ང་ཚོས་གཙོད་ལ་ཕྱི་ཡུལ་དུ་རང་བྱུང་དང་འཚམ་པའི་སྦྱོང་བརྡར་བྱས་ཤིང་། ཁོ་ཚོ་རང་བྱུང་གི་འཚོ་བ་དང་འཕྲོད་མཐུན་བྱུང་རྗེས་རང་བྱུང་ཁམས་སུ་གློད་པ་ཡིན་ཟེར།

ཨ་ཆེན་གངས་རྒྱབ་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ནི2002ལོར་བཙུགས་པ་དང་། མིག་སྔའི་བར་དུ། རོགས་སྐྱོབ་ལྟེ་གནས་ཀྱིས་རིགས་སོ་སོའི་རི་སྐྱེས་སྲོག་ཆགས600ལྷག་ལ་རོགས་སྐྱོབ་བྱས་ཤིང་།  གཙོད50ལྷག་རང་བྱུང་ཁམས་སུ་གློད་ཡོད།

 རང་རྒྱལ་གྱི་རི་དྭགས་གཙོད་སྲུང་སྐྱོབ་ཆེད་མཁས་པ་དང་ཧྲའན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཝུའུ་ཞའོ་མིང་གིས་བཤད་རྒྱུར། རི་དྭགས་གཙོད་ནི་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་སྣ་རང་བཞིན་རྒྱུན་སྐྱོང་བའི་སྲོག་ཆགས་གཙོ་བོའི་རིགས་ཡིན་ལ། ཨ་ཆེན་གངས་རྒྱབ་བསྐོར་སྐྱོད་ཞིབ་བཤེར་རུ་ཁག་གིས་གཙོད་རང་བྱུང་ཁམས་སུ་གློད་པ་ནི་མིའི་རིགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་གཅེས་སྐྱོང་བྱེད་པ་མཚོན་ཞིང་། མི་སྔར་ལས་མང་པོས་སྲོག་ཆགས་གཅེས་སྐྱོང་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་འབོད་སྐུལ་བཏང་ཡོད་ཟེར།

6.jpg

རི་དྭགས་གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན། དུས་རབས་སྔོན་མའི་ལོ་རབས80པའི་ནང་། ཁྲིམས་འགལ་མི་སྣས་ལྐོག་རྔོན་བྱས་ནས་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་ཁ་གྲངས་དེ་སྔོན་གྱི་ཁྲི20ལྷག་ནས་ཁྲི2ཙམ་ལ་ཇེ་ཉུང་དུ་གྱུར། ལོ་མང་པོའི་རིང་ཕྱོགས་སོ་སོས་ཧུར་བརྩོན་གྱིས་སྲུང་སྐྱོང་བྱས་པ་བརྒྱུད། ད་ལྟ་ཨ་ཆེན་གངས་རྒྱབ་དུ་ལོ11རིང་ལྐོག་རྔོན་བྱེད་མཁན་མེད་པར་གྱུར་ལ། གཙོད་ཀྱི་ཁ་གྲངས་ཀྱང་རིམ་བཞིན་སླར་གསོ་བྱུང་ནས་ཁྲི7ཡས་མས་སུ་སླེབས་ཡོད། །

ཟླ7པའི་ཚེས7ཉིན། ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱིས་གཙོད5རང་བྱུང་ཁམས་སུ་གློད། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།