—པདྨ་རྫོང་དམར་དམག་ལུང་པ་ནས་ཏང་གི་ལོ་རྒྱུས་ཤེས་བྱར་སློབ་སྦྱོང་བྱེད་པའི་ཡུལ་དངོས་ཀྱི་མཐོང་ཐོས།
ཟླ6པར། དྲོ་ཞིང་འཇམ་པའི་ཉི་འོད་རིམ་གྱིས་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པ་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མདོག་གསུམ་པདྨར་གྲགས་པའི་ས་མཐོའི་གངས་འཁྱགས་རིམ་བཞིན་བཞུར་ཏེ་རི་ཀླུང་དང་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
པདྨ་རྫོང་ནས་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བའི་སྨར་ཁོག་གཙང་པོའི་རྒྱུན་དང་འགྲོགས་ནས་སོང་ཚེ། ལམ་བར་དུ་རྩེ་མོ་དགུང་ལ་ཟུག་པའི་གསོམ་སྡོང་དང་། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས། གནའ་བོའི་བོད་གྲོང་གི་ཁྱད་ཆོས་མངོན་པར་གསལ་བའི་རྡོ་མཁར་དག་མིག་ལམ་དུ་རེ་རེ་བཞིན་མངོན་ལ། ལྗོན་པའི་གསེབ་ནས་བྱ་བྱེའུ་ཡི་གསུང་སྐད་སྒྲོག་བཞིན་ཡོད་པས་མི་སེམས་ཅིག་ཅར་དུ་འཕྲོག་པར་བྱེད།
དེ་ནས་བསྟུད་མར་དུས་ཚོད་ཕྱེད་ཀ་རིང་སོང་ཚེ་ད་གཟོད་ཡར་ཐང་ཞང་གི་རྩི་མདའི་དམར་དམག་ལུང་པའི་དྲན་གསོ་ཁང་གི་མདུན་དུ་སླེབས། དེ་གར“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ”དང“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་བཞི་པ”ཞེས་འཁོད་པའི་བརྗིད་ཉམས་ལྷག་པར་ཆེ་བའི་དར་དམར་གྱི་བརྐོས་བརྙན་ཞིག་ཡོད་པ་དེ་ནི་སྐབས་དེར་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱང་སྐྱོད་ལོ་རྒྱུས་ལ་དྲན་གསོ་ཞུ་ཆེད་རེད།
དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ད་ལྟའི་བར་ལོ་འཁོར85འགོར་ཟིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། གྲངས་མེད་པའི་གསར་བརྗེ་སྔོན་གཤེགས་དཔའ་བོ་མང་པོས་གསར་བརྗེའི་རླབས་ཆེན་ཕུགས་འདུན་མངོན་འགྱུར་འབྱུང་བ་དང་། རྗེས་རབས་པ་ལ་བདེ་སྐྱིད་འབྱོར་ལྡན་གྱི་འཚོ་བ་བསྐྲུན་ཆེད། དཀའ་བ་འབུམ་ཕྲག་ཁྱད་དུ་བསད་ཅིང་གཅེས་པའི་ཚེ་སྲོག་བློས་བཏང་བ་རེད།
ཉེ་བའི་ལོ་འགའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་དམར་དམག་ལུང་པའི་ཐང་ཆེན་དུ། 《བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་གསུང་བརྩི། ཏང་གི་རྗེས་སུ་འབྲངས》ཞེས་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་དང་། 《གསར་བརྗེའི་སྲོལ་བཟང་རྒྱུན་འཛིན་དང་མཆོང་བརྒལ་འཕེལ་རྒྱས་བརྩོན་ལེན་སྒོས་མགོ་ལོག་གི་བསམ་བློའི་ཞིང་ཁམས་བསྐྲུན》ཞེས་པའི་རྗེས་དྲན་བྱ་འགུལ་མང་པོ་སྤེལ།
མགོ་ལོག་ཁུལ་གྱིས་པདྨ་རྫོང་ནས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལྷག་ལོན་པར་རྗེས་དྲན་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ་སྐབས། མགོ་ལོག་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་པདྨའི་དམར་དམག་ལུང་པར་ལྷན་འཛོམས་བྱུང་ནས། ལོ་ངོ80ལྷག་གི་ཡར་སྔོན་དམར་དམག་གིས་མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཁྲོད་རླབས་ཆེན་གྱི་བྱ་གཞག་བསྐྲུན་པའི་མཛད་འཕྲིན་ལ་རྗེས་དྲན་དང་ཡི་རང་བྱས། རྗེས་དྲན་བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྒྱང་སྐྱོད་སྙིང་སྟོབས་ལ་སློབ་སྦྱོང་དང་། རྒྱང་སྐྱོད་སྙིང་སྟོབས་སླར་གསོ་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་བགྲོད་ཆེད་ཡིན་ཞིང་། དུས་མཚུངས་སུ་བྱ་འགུལ་ནང་ཞུགས་པའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཏང་གི་མནའ་ཚིག་བསྐྱར་འདོན་བྱས་པ་དང་། རྒྱང་སྐྱོད་ལམ་དུ་བསྐྱར་འགྲོ་བྱས།
སྐབས་དེར་དམར་དམག་པདྨའི་ས་ཆར་སླེབས་མ་ཐག འབྲོག་པ་རྣམས་སྐྲག་ནས་རི་ལུང་ཀུན་ཏུ་བྲོས་མོད། དམར་དམག་གིས་ཁོ་ཚོའི་རྒྱུ་དངོས་ལ་གཏོར་སྐྱོན་མ་ཐེབས་པར་དམིགས་ནས། འབྲོག་པ་མང་ཚོགས་དམག་མིར་གཡོལ་བ་ནས་རང་འགུལ་ངང་དམར་དམག་ཁྱིམ་དུ་སྡོད་པར་གདན་དྲངས་ཏེ། ཉིན་རྒྱུན་ཁོ་ཚོ་དང་མཉམ་དུ་བསྡད་ནས་ཆུ་ལེན་པ་དང་འབུད་ཤིང་འཐུ་བ། ཁང་པ་ཞིག་གསོ་བྱེད་པར་རོགས་བྱས་པས་ཁོ་ཚོ་ཁྱིམ་ཚང་གཅིག་གི་མི་ལྟ་བུར་གྱུར།
དམར་དམག་བྱང་ཕྱོགས་སུ་བསྐྱོད་ནས་ཡུན་རིང་མ་སོང་བར་པདྨ་རྫོང་གི་མང་ཚོགས་ཀྱི་ངག་རྒྱུན་དུ“དམར་དམག་ཕྱིན་སོང་། སྡེ་བ་སྟོང་སོང་། སྡེ་བ་སྟོང་བས་སེམས་མི་བདེ་བ་མ་ཡིན་ཏེ། སེམས་མི་བདེ་བ་ནི་དམར་དམག་བུད་སོང་བའི་ཕྱིར་ཡིན”ཞེས་འདི་ལྟ་བུའི་གླུ་སྐད་དེ་ཡིན། འདི་ནི་འབྲོག་པ་ཚོས་དམར་དམག་དྲན་བཞིན་ཡོད་པ་ཡིན་ལ།དམར་དམག་སྔ་མོ་ནས་ཕྱིར་ལོག་པའི་རེ་བ་ཡོད་པའང་ཤེས་ཐུབ།
རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། པདྨ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་མྱོང་། རྗེས་དྲན་ཞུ་བའི་བྱ་འགུལ་སྟེང་། གཙོ་བོ《བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་གསུང་བརྩི། ཏང་གི་རྗེས་སུ་འབྲངས》ཞེས་པའི་རིག་རྩལ་བྱེད་སྒོ་དང་། 《རྒྱང་སྐྱོད་ལམ་དུ་སླར་ཡང་བསྐྱོད།ལོ་རྒྱུས་ཁྲོད་ནས་ཉམས་མྱོང་ལེན》ཞེས་པ་དང་། 《སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། དམར་དམག་དུར་སར་མཆོད་འབུལ་བྱེད》 《པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པ》《རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་། ཐོག་མའི་བསམ་འདུན་མི་འགྱུར་ཞིང་མ་འོངས་མདུན་ལྗོངས་དགའ་བས་བསུ་བཞིན་རྒྱང་སྐྱོད་ལམ་ཆེན་གསར་པ་འགྲིམས》ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་སོགས་མུ་འབྲེལ་བྱ་འགུལ་སྤེལ་ནས་ལས་བྱེད་པ་དང་ས་གནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་།
ཉེ་བའི་ལོ་ཤས་རིང་། པདྨ་རྫོང་དུ་དམར་དམག་གི་ལོ་རྒྱུས་དར་ཁྱབ་ཆེན་པོ་བྱུང་བ་དང་པདྨ་རྫོང་གི་གསར་བརྗེའི་མཛེས་ལྗོངས་ཁུལ་ཡང་ཟམ་མི་ཆད་པར་རིམ་པ་སྤར་བ་སྟེ། 2012ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་མིང་བཏགས་པ་དང་། 2016ལོར་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་ལས་དོན་མཐུན་ཚོགས་ཚན་ཆུང་གིས་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་རྩེར་སོན་ཁག་གསུམ་པའི་གྲས་སུ་བཅུག་ལ།2017ལོར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་རིམ་པ་སྤར་བ་རེད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ལོ་ཡིན་པས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་ལས་བྱེད་མི་སྣ་དང་ཏང་ཡོན། ས་གནས་མང་ཚོགས་ཀྱིས་ལོ་ངོ80ལྷག་གི་ཡར་སྔོན་དམར་དམག་བརྒྱུད་མྱོང་བའི་ལུང་པ་དང་ཟམ་པ། བང་སོ། ཆུ་མིག་སོགས་ཀྱི་མདུན་དུ་སོང་ནས་སྔོན་གཤེགས་དཔའ་བོའི་ལོ་རྒྱུས་དང་བླ་མེད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་བཞིན་ཡོད།
ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་དམར་དམག་བརྒྱུད་མྱོང་བའི་ས་གནས་གཅིག་པུ་སྟེ། པདྨ་རྫོང་གིས་ད་ལོར་ཡར་ཐང་ཞང་དམར་དམག་ལུང་པ་ནས། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྫོང་རིམ་པ་དང་། ཞང་རིམ་པ་དང་སྡེ་བ་རིམ་པ་སོགས་ཀྱི་བྱ་འགུལ་ཆེ་ཆུང་མང་པོ་སྤེལ།
1936ལོའི་ཟླ7པར་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ། དེ་བཞིན་དམར་དམག་གི་སྤྱི་ཁྱབ་པུའུ་ཡི་དམར་དམག་ཁྲི3ལྷག་སི་ཁྲོན་ཞིང་ཆེན་གྱི་ཛམ་ཐང་བརྒྱུད་ནས་པདྨ་རྫོང་ཁོངས་ཀྱི་དྷི་མདའ་དང་། པན་ཆེན། ཡར་ཐང་། ལྕགས་རི་ཐང་སོགས་སུ་ངལ་གསོ་དང་། འབྲུ་རིགས་གྲབས་གསོག ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བཅས་བྱས་ནས་ཉིན20ལྷག་ལ་བསྡད་རྗེས་སི་ཁྲོན་རྔ་བའི་ཕྱོགས་སུ་བསྐྱོད།
“ཆུང་དུས་ནས་རྒན་པ་ཚོས་འདས་དོན་དེ་གླེང་བ་གོ་མྱོང་། ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོས་ཧ་ལས་ཧང་སང་དགོས་པའི་ལོ་རྒྱུས་དེར་ཞུགས་པར་སེམས་གཏིང་ནས་སྤོབས་པ་སྐྱེ་བཞིན་འདུག” ཡར་ཐང་ཤང་དམར་དམག་ལུང་པའི་དྲན་གསོ་ཁང་དུ་པདྨ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་རྒན་པ་ཚོས“དམག་མི”དེ་དག་གཞན་དང་མི་གཅིག་པ་རེད། ཁོ་ཚོས་གྲོང་ཚོའི་ཁང་པར་བསྡད་ཀྱང་མང་ཚོགས་ཀྱི་ལྕི་ཕུང་ནས་མེ་ཤིང་ལེན་གྱིན་མེད་ལ། ཆུ་ཡང་དེ་ནས་མ་བླངས་པར་རི་སྟེང་དུ་མེ་ཤིང་འཐུ་བ་དང་ཆུ་ལེན་པར་འགྲོ་བཞིན་འདུག ཕྱིས་སུ་ཡུལ་མི་སྤུན་ཟླ་ཚོས་དམར་དམག་དྲན་དུས་དམར་དམག་གིས་དེ་སྔ་བརྒྱུད་མྱོང་བའི་རྩི་མདའ་ལུང་པར“དམར་དམག་ལུང་པ”ཞེས་འབོད་ཀྱིན་ཡོད་ཅེས་བཤད།
འཛད་མཐའ་མེད་པའི་སྟོབས་ཤུགས་དེ་དག་ངག་ཐོག་ནས་གཅིག་ལ་གཅིག་བརྒྱུད་ཀྱི་ལོ་རྒྱུས་ལ་སྤྱད་པས། དེ་སྔའི་གཏམ་རྒྱུད་མང་པོ་ཞིག་འཚོལ་བསྡུ་ལེགས་སྒྲིག་ཐུབ་ཡོད། ཉེ་བའི་ལོ་ཉི་ཤུ་སུམ་ཅུའི་རིང་། པད་མའི་དམར་དམག་རྒྱང་སྐྱོད་ལོ་རྒྱུས་ཞིབ་འཇུག་པའི་འབད་འཐབ་འོག་ཏར་འཕྲིན་དང་། དྲན་ཐོ། རིག་དངོས་བཅས་སླར་ཡང་མངོན་པས། དམར་དམག་འདི་གར་སླེབས་པ་ར་འཕྲོད་ཐུབ་ཡོད།
བཀྲ་ཤིས་དོན་གྲུབ་ཀྱིས་ཏར་འཕྲིན་པར་བཤུས་བརྒྱབ་པའི་པར་ཞིག་ལ་མཛུབ་མོ་བཙུགས་ཏེ“1936ལོའི་ཟླ7ཚེས8ཉིན་གྱི་ཏར་འཕྲིན་འདིའི་མ་ཡིག་ནང‘དཔུང་ཕྱོགས་སྒར་ཆེན་དྲུག་པ་དེ་རིང་རོང་ཡུལ་དུ་འབྱོར་ཡང་འབྲུ་རིགས་རྫོགས་ཟིན’‘རོང་ཡུལ’ནི་ད་ཆའི་པདྨ་རྫོང་གི་ལྕགས་རི་ཐང་དང་། ཡར་ཐང་། དྷི་མདའ་བཅས་ཞང་གསུམ་གྱི་སྤྱི་མིང་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3500ཡན་གྱི་པད་མ་རྫོང་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པས། དམར་དམག་པདྨ་རུ་འབྲུ་རིགས་གྲབས་གསོག་བྱེད་པར་སླེབས་པར་རྒྱུ་མཚན་ཆེན་པོ་ཡོད”ཅེས་བཤད།
ཟངས་ཁོག་གཅིག་ལས་དེ་སྔའི་ལོ་རྒྱུས་མཚོན་ཐུབ་ཅིང་། བོད་རིགས་མི་སེར་གྱི་ལྟ་རྟོག་ཐོབ་པས་དམར་དམག་འགྲོ་ཁར་སྤྱད་མྱོང་བའི་ཟངས་ཁོག་དེ་འབྲོག་པ་བསོད་རྡོར་ལ་བྱིན་ནས།དམག་དམངས་བར་གྱི་བརྩེ་བ་དང་རྒྱ་བོད་བར་གྱི་མཛའ་གྲོགས་འགྱུར་བ་མེད་པ་མཚོན་པར་བྱས་ཡོད། ད་ཆ་ལོ་མང་ཉར་ཚགས་བྱས་པའི་ཟངས་ཁོག་དེ་བསོད་རྡོར་གྱིས་རྗེས་རབས་པའི་དྲན་གསོ་ཁང་ལ་ཕུལ་བ་དང་འགྲེམ་ཁང་དུ་མི་རྣམས་ལ་སྔར་སོང་གི་འདས་འདོན་གླེང་བའི་ཚུལ་དུ་གནས།
འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། 2020ལོར་དམར་དམག་ལུང་པའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི3ལྷག་ཟིན་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་ཁེལ་བས། ལྟ་སྐོར་ལ་ཡོང་མཁན་གྱི་མི་གྲངས་ན་ནིང་ལས་མང་དུ་ཕྱིན་པ་ལས་ཉུང་དུ་ཕྱིན་མེད་པས“ལྔ་གཅིག”ཁོ་ནའི་སྔ་རྗེས་སུ་སྔོན་མངགས་མཁན་ལྟ་སྐོར་ཚོགས་པ20ལྷག་ཟིན་ཡོད།
“དམར་དམག་ལུང་པར་ཡོང་ནས་དམར་དམག་གི་གཏམ་རྒྱུད་ཉན་གྱིན་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཚོར་བ་བྱེད་པ་ནི་ང་ཚོའི་ངོས་ནས་བརྗོད་ན་ཞུན་བརྡར་ཆེན་པོ་ཞིག་རེད།”དགའ་བདེ་རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་བསམ་གྲུབ་སྒྲོལ་མས། དགའ་བདེ་རྫོང་གི་སྐབས་བརྗེའི་འདེམ་བསྐོར་བདམས་ཐོན་བྱུང་མ་ཐག་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གསར་པ36གིས་ཏང་གི་སློབ་གྲྭའི་སྒྲིག་འཛུགས་འོག་མཉམ་དུ་དམར་དམག་ལུང་པར་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་བསམ་བློའི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པར་ཁྲིད་ཡོད་ཅེས་བཤད།
ཆུ་ཕྲན་དེད་ནས་རི་སྐེད་དུ་སླེབས་སྐབས“དམར་དམག་གི་བང་སོ”ཞིག་ཡོད་ཅིང་། དེ་གར་རྒྱང་སྐྱོད་བྱེད་རིང་ཚེ་སྲོག་ཤོར་བའི་དམར་དམག་གི་སྔོན་གཤེགས་དཔའ་བོ་རྣམས་སྦས་ཡོད། ཡུལ་སྐོར་པ་མང་པོ་ཞིག་གིས་དེ་གར་གུས་མཇལ་ཞུ་བར་སོང་སྟེ་དཀར་གཙང་མཇལ་དར་སྒྲོན་བཞིན་འདུག ཁོ་ཚོས་བང་སོའི་མདུན་དུ་ཏང་ཞུགས་དམ་བཅའི་ཚིག་བསྐྱར་དྲན་བྱས་པའི་སྐད་སྒྲའི་བྲག་ཅ་རི་ཀླུང་ཀུན་ཏུ་འཁོར་ཏེ།ལྷུང་ལྷུང་དུ་འབབ་པའི་ཆུ་རྒྱུན་དང་བསྡེབས་ནས་ནམ་ཡང་འཛད་མཐའ་མེད་པའི་སྙིང་སྟོབས་དང་སྟོབས་ཤུགས་གླེང་སྟེ་ཕྱི་རབས་པ་རྣམས་ལ་འབད་འབུངས་ཡར་བརྩོན་གྱི་སྐུལ་ལྕག་བྱེད་བཞིན་འདུག
ཉིན་དེར་ཏང་གི་ལོ་རྒྱུས་དང་ཤེས་བྱར་སློབ་སྦྱོང་བྱེད་དུ་འོང་བའི་མགོ་ལོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དྲན་གསོ་ཁང་གི་ཉེ་འགྲམ་དུ་ཡོད་པའི་གྲུ་གཟིངས་དམར་པོའི་སྟེང་བསྡད་དེ་ཏང་གི་ལོ་རྒྱུས་དང་སྐབས་དེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་བཞིན་ཡོད།
དེ་མིན་ཞིང་ཆེན་གཞན་དང་ས་གནས་གཞན་ནས་ཕེབས་པའི་ལྟ་སྐོར་པ་མང་པོ་ཡང་གནས་འདིར་ཡོང་ནས།དམར་དམག་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། སྐབས་དེའི་དམར་དམག་གིས་སྤྱད་མྱོང་བའི་དངོས་པོ་དག་རྗེས་དྲན་གྱི་ཚུལ་དུ་པར་ལེན་བཞིན་འདུག
ཞིང་ཆེན་ཕྱི་ནས་ཡོང་བའི་གནས་སྐོར་པ་སྟེ།ཕ་ཡུལ་ཞིན་ཅང་ནས་ཡིན་པའི་ལས་འཁྱུར་ངལ་གསོ་པ་ཀྲང་ཧའེ་ཧུའུ་ཡིས་རང་གི་བཟའ་མི་གང་པོ་ཁྲིད་ནས་པདྨའི་དམར་དམག་ལུང་པར་ལྟ་སྐོར་བྱེད་དུ་ཡོང་ཡོད།
དམར་དམག་ཟམ་པའི་སྟེང་ནས་བཟའ་མི་ཡོངས་ཀྱི་མཉམ་པར་བརྒྱབ་རྗེས། རྐང་ལམ་དེ་དེད་ནས་རི་སྟེང་གི་དམར་དམག་ཆུ་མིག་གི་ཁར་སླེབས་པ་ན། དགའ་སྤྲོའི་ངང་ཆུ་མིག་ལས་ཆུ་ཐོམ་གསུམ་བླངས་ནས་ཧུབ་ཀྱིས་འཐུང་རྗེས།“འདི་ནི་ཡར་སྔོན་དམར་དམག་གིས་སྤྱད་མྱོང་བའི་ཆུ་མིག་རེད། དེ་རིང་འཐུང་ཐུབ་པ་དགའ་བོ་བྱུང་། མི་རིགས་མཐུན་སྒྲིལ་གྱི་ཆུ་མིག་ཅིག་རེད”ཅེས་རང་གི་བུ་ཆུང་ལ་ཆུ་སྐྱོགས་གཏད་ནས་ཆུ་འཐུང་དུ་བཅུག་པ་རེད།
དམར་དམག་རྒྱང་སྐྱོད་ཀྱི་སྐབས་སུ“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་བརྒྱད”དེ་དམར་དམག་གི་སྒྲིག་ཁྲིམས་ཨང་དང་པོར་གྱུར་པ་རེད།སྐབས་དེ་དུས་པདྨ་རྫོང་དུ་སྐྱོད་མཁན་དམར་དམག་གི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་མོད།འོན་ཀྱང་དམར་དམག་གིས“མང་ཚོགས་ཀྱི་ཁབ་སྐུད་ཙམ་ཡང་མི་འཁྱེར་བ”ཡི་སྒྲིག་ཁྲིམས་བརྟན་པོ་དེ་ས་གནས་དེ་གའི་འབྲོག་པའི་སེམས་སུ་བརྟན་པོར་ངེས་ཡོད།ཡར་ཐང་ཞང་གི་འདས་པོ་རྒན་པོ་བཀྲ་ཤིས་ཀྱི་གཏམ་རྒྱུད་ཁྲོད། ཁོང་འཚོ་བཞུགས་སྐབས་ཀྱི་དྲན་འཆར་ནང་དམར་དམག་གིས“དཔུང་སྐྱོད་བྱེད་སྐབས་དམངས་ལ་བརྙས་བཅོས་བྱེད་ཀྱིན་མེད། ཞག་སྡོད་བྱས་པའི་ཁྱིམ་ཚང་དང་སྐབས་དེའི་དགོན་པའི་འབུལ་རྫས་གཅིག་ཀྱང་འཁྱེར་གྱིན་མེད”ཅེས་བཤད།
སྐབས་དེར་མ་པུའུ་ཧྥང་གི་སྟོབས་ཤུགས་ཀྱིས་དཀྲུགས་ཤིང་དང་འཇིགས་སྐུལ་གྱིས་བསླུ་བྲིད་བྱས་པས། དམར་དམག་ལ་མཛའ་མཐུན་མིན་པའི་བྱ་སྤྱོད་མི་ཉུང་བ་ཞིག་བྱུང་ཞིང་། ཐ་ན་དྲག་ཤུགས་ཀྱིས་དམར་དམག་གི་བྱ་སྤྱོད་བཀག་འགོག་བྱས་པས།དམར་དམག་གི་དཔོན་དམག་མི་ཉུང་བ་ཞིག་གིས་རང་སྲོག་བློས་བཏང་བ་རེད།
“འོན་ཀྱང་དམར་དམག་གིས་རྒོལ་ལན་མ་སྤྲད་པར་དྲག་ཤུགས་ཀྱི་བཀག་འགོག་དང་འཕྲད་ཚེ། མེ་མདའི་ཁ་གནམ་ལ་གཏད་ནས་མེ་མདའ་རྒྱག་ཞོར་ཕྱིར་འབུད་བྱེད་པའི་ཐ་ཚིག་བསྒྲགས་པ་ལས་གནོད་འཚེ་བཏང་མེད”ཅེས་བཤད་པ་རེད། རྒན་པོ་བཀྲ་ཤིས་ཀྱིས་མི་རབས་རྗེས་མར་བཞག་པའི་དྲན་འཆར་ནང་།“སྐབས་དེར་དམར་དམག་གིས་ཞང་དང་སྡེ་བའི་ཕྱི་རོལ་གྱི་རི་ལྡེབས་དང་སྨར་ཁོག་གཙང་པོའི་འགྲམ་དུ་སྦྲ་གུར་བརྒྱབ་ཡོད་པར་མ་ཟད། ད་དུང་མི་མང་པོ་ཞིག་ཕྱི་རོལ་དང་ཁང་པའི་མདའ་གཡབ་འོག་ཏུ་བསྡད་འདུག སྐབས་དེར་དམར་དམག་གི་འཐབ་མོ་བ་འགའ་ངེད་ཚང་གི་མདའ་གཡབ་འོག་ཏུ་བསྡད་ཡོད། མེ་ཁ་གསོ་དུས་སེམས་ཆུང་མ་བྱས་པར་ཤིང་གདན་ལ་མེ་སྦར་བས། ཚབས་ཆེན་མིན་ནའང་། དམར་དམག་གི་མགོ་ཁྲིད་ཀྱིས་གནས་ཚུལ་དེ་ཤེས་རྗེས་ད་རུང་ཁོ་ཚོར་སྐྱོན་བརྗོད་ནན་མོ་བྱས་པར་མ་ཟད། ངེད་ཚང་ལ་ཡོང་ནས་དགོངས་དག་ཞུས་པར་མ་ཟད་གྱོང་གུན་ཁ་གསབ་བྱས།”
……
འདི་ལྟར་དམར་དམག་ལུང་པ་རུ། ཏང་གི་ཤེས་བྱར་སློབ་སྦྱོང་དང་དམར་དམག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་ཡོ་ལང་རྒྱས་ཤིང་། ན་གཞོན་ལས་བྱེད་པའི་ཁྱབ་ཁོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་དང་།ན་གཞོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཉམ་འགུལ་རང་བཞིན་ཐད་ཟབ་ཞུགས་ཀྱི་ཤུགས་ཆེ་རུ་གཏོང་བ། ཏང་གི་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་དང་ལས་འགན་རྟོགས་པ། ལས་མགོ་རྩོམ་པ། ལས་འགན་ལྗིད་པོ་འཁུར་ཕོད་པ་བཅས་ཀྱི་དམ་བཅའ་སྤེལ་བཞིན་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱང་སྐྱོད་ལམ་དུ་དམག་དམངས་བརྩེ་བ་ཟབ།