ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྐབས་ཉི་ཤུ་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཧྥུན་ཁྲུན་གྱིས་ཡུལ་དངོས་ནས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་རྒྱུགས་ལམ་བདེ་འཇགས་བྱ་བར་རྟོག་ཞིབ་བྱས་ཏེ། རྒྱུགས་ལམ་གྱི་འགོག་རྐྱེན་ལ་འཐེན་བཤེར་དང་བདེ་འཇགས་འགོག་སྲུང་། ཁོར་ཡུག་བཅོས་སྐྱོང་། མཁའ་དབུགས་སྐྲུན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་ནི་མཚོ་སྔོན་གྱི་སྣང་བརྙན་སྟོན་བྱེད་དང་མཚོ་སྔོན་དྲིལ་སྒྲོག་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་དང་བརྗེ་རེས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་མིང་བྱང་གྲགས་ཅན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདོད་མཚོན་པའི་དུས་ཆེན་གཟབ་རྒྱས་ཤིག་ཀྱང་ཡིན། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་དང་འཁེལ་བའི་གནད་འགག་དུས་རིམ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་ཀྱིན་པའི་དུས་སྐབས་འདི་ལྟ་བུར། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་པ་བདེ་བླགས་ངང་སྒྲུབ་པར་དོན་སྙིང་དམིགས་བསལ་བ་ལྡན་པས། དེ་བསྟུན་གྱི་བླང་བྱ་སྔར་ལས་ཆེན་པོ་འཛིན་དགོས་པ་དང་འོས་འགན་སྔར་ལས་ལྕི། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབྱང་ཧྥུན་ཁྲུན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་རྒྱུགས་ལམ་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།