ཞིང་ཆེན་སྲིད་གཞུང་གིས་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་སྲིད་གཞུང་གིས་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ན་ནིང་གི་ཚུན་ལ་ས་གནས་དང་ལས་ཁུངས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། གཟབ་ནན་བཞིའི་བླང་བྱ་དོན་འཁྱོལ་བྱེད་དགོས། བདེ་འཇགས་དོ་དམ་དང་ལྟ་རྟོག་ལ་ཤུགས་བསྣན་ནས་མ་ལག་རང་བཞིན་གྱི་ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཟས་སྨན་སྤྱོད་པའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་ནས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སྟེང་གཅིག་གྱུར་བྱས་ནས་གཟབ་ནན་བཞི་རྒྱུན་འཁྱོངས་བྱེད་དགོས། བདེ་འཇགས་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ནས་མུ་མཐུད་དུ་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱས་ཏེ་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཚོགས་ཐོག་ནས་ས་གནས་ཁག་དང་སྡེ་ཁག་སོ་སོས་མུ་མཐུད་དུ་ཟས་རིགས་བདེ་འཇགས་ཀྱི་འགན་ཁུར་དང་ལས་འགན་དང་དུ་བླངས་ཏེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ལ་ཤུགས་བསྣན་ནས་ཚད་གཞི་ཆེས་མཐོ་བ་དང་ལྟ་རྟོག་ཆེས་ཞིབ་པ། ཐག་གཅོད་ཆེས་ནན་མོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།