བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ལ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་པོ་ཡུས་ཚུང་ལི་ཡིས་བྱེ་བྲག་གི་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཁུང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། བདེ་ཐང་མཚོ་སྔོན་འགུལ་སྐྱོད་ཀྱི་སྐུལ་འདེད་གནས་ཚུལ་ཁྱབ་བསྒྲགས་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། བདེ་ཐང་ནི་མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཡིན་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཀྱང་ཡིན། ན་ནིང་གི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ། བདེ་ཐང་དབུལ་སྐྱོར་དམ་འཛིན་ནན་མོ་བྱས་པ་དང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་སོང་ལ། རིམས་ནད་འགོག་སྲུང་གྲུབ་འབྲས་རྒྱ་བསྐྱེད་པ་དང་། བདེ་ཐང་ཁོར་ཡུག་མངོན་གསལ་ལེགས་བཅོས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དམིགས་ཚད་རིམ་བཞིན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་པ་དང་། བདེ་ཐང་མཚོ་སྔོན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་མཚོན་རྟགས་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་པའི་གཙོ་གནད་ཡིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་འདེགས་སྐྱོར་ཡིན་པ། སྤུས་ཀ་ལེགས་པའི་འཚོ་བ་གསར་སྐྲུན་བྱེད་པའི་ནང་གནས་བླང་བྱ་བཅས་ཡིན་པར་ངོས་འཛིན་གསལ་བོ་བྱེད་དགོས། ཡང་དག་པའི་འཕྲོན་བསྟེན་དང་བདེ་ཐང་བྱ་བའི་ཇུས་གཞི་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་འཐབ་ཇུས་གོ་གནས་རྒྱུན་འཁྱོངས་བྱེད་རྒྱུ་དང་འཕྲོད་བསྟེན་ཆེན་མོ་དང་བདེ་ཐང་ཆེན་མོའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཀྱི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ། སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་སོགས་གནད་དོན་གལ་ཆེན་ལ་རྒྱུས་ལོན་ཡག་པོ་བྱེད་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་ཡག་པོ་བྱེད་དགོས། ལྷོད་གཡེང་སྤུ་ཚམ་ཡང་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དམ་འཛིན་བྱེད་པ་དང་། བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་བདེ་འཇགས་བདེ་ཐང་གི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ། བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བདེ་ཐང་མཚོ་སྔོན་འགུལ་སྐྱོད་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་གཏོང་དགོས།

ཡུས་ཚུང་ལི་ཡིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་བརྟན་པོར་འཛུགས་དགོས་པ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་ཐིག་ཏུ་བྱེད་པ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་རིམ་པའི་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞུང་བཙུགས་སྨན་ཁང་གིས་བསྒྱུར་བཅོས་ཆེན་པོ་གསུམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།